Degé Kangyur volume 45, F.158.a

མེད་དོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བརྒྱད་ཁྲི་ཉིས་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་སྐྱེ་བའི་ཡུལ་ནི་ཕུང་པོ་ལས་གྲོལ་བ་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །འོད་ནི་དཔག་ཚད་འབུམ་ཕྲག་བརྒྱ་དྲུག་ཅུའོ། །​ཡབ་ནི་ཡེ་ཤེས་འོད་ཅེས་བྱའོ། །​ཡུམ་ནི་རིན་ཆེན་བློ་གྲོས་མ་ཞེས་བྱའོ། །​སྲས་ནི་པད་མའི་མཛོད་ཅེས་བྱའོ། །​རིམ་གྲོ་པ་ནི་རྣམ་པར་གྲགས་པའི་སྒྲ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཚུགས་པ་མེད་པའི་གཟི་བརྗིད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མི་གནས་སེམས་ཞེས་བྱའོ། །​འདུས་པ་ནི་ལན་བདུན་ཅུ་སྟེ། ཐམས་ཅད་ལ་ཡང་བྱེ་བ་འབུམ་ཕྲག་བཅུ་བཞི་བཅུ་བཞིའོ། །​སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་ལྔའོ། །​དམ་པའི་ཆོས་ནི་ལོ་བྱེ་བ་ཕྲག་བརྒྱའི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཟླ་ཞལ་སྐྱེ་བའི་ཡུལ་ནི་དྲི་མ་མེད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ངོ་། །​ཡབ་ནི་མིག་བཟངས་ཞེས་བྱའོ། །​ཡུམ་ནི་མིག་བྱིན་ཞེས་བྱའོ། །​སྲས་ནི་ཟླ་སྡུག་ཅེས་བྱའོ། །​རིམ་གྲོ་པ་ནི་ཡོན་ཏན་གྲགས་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་སྤོབས་པའི་སྙིང་པོ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བློ་མི་འཁྲུག་ཅེས་བྱའོ། །​འདུས་པ་ནི་ལན་དྲུག་སྟེ། ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་གཉིས་དང་བྱེ་བ་ཕྲག་དྲུག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་དྲུག་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །​མཆོད་རྟེན་ཡང་གཅིག་ཏུ་ཟད་དོ། །​དེ་བཞིན་གཤེགས་པ་དྲི་མ་མེད་པར་གྲགས་པ་སྐྱེ་བའི་ཡུལ་ནི་ཚེར་མ་མེད་པ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་འབུམ་མོ། །​ཡབ་ནི་གསུམ་རིག་ཅེས་བྱའོ། །​ཡུམ་ནི་བློ་བཟངས་མ་ཞེས་བྱའོ། །​སྲས་ནི་འདམ་རྫབ་མེད་ཅེས་བྱའོ། །​རིམ་གྲོ་པ་ནི་མིའི་ཟླ་བ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་གྲགས་ཞེས་བྱའོ། །​རྫུ་འཕྲུལ་ཅན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14169#UT22084-045-001-14169