Degé Kangyur volume 45, F.149.a

དེ་བཞིན་གཤེགས་པ་ཞི་བའི་བློ་གྲོས་སྐྱེ་བའི་ཡུལ་ནི་རབ་ཏུ་ཞི་བར་ཉམས་དགའ་བ་ཞེས་བྱའོ། །​རིགས་ནི་བྲམ་ཟེའོ། །​འོད་ནི་དཔག་ཚད་སྟོང་ངོ་། །​ཡབ་ནི་ཆོས་ལྷ་ཞེས་བྱའོ། །​ཡུམ་ནི་བསོད་ནམས་བློ་གྲོས་ཞེས་བྱའོ། །​སྲས་ནི་སྣ་ཚོགས་ཅན་ཞེས་བྱའོ། །​རིམ་གྲོ་པ་ནི་མཆོད་འོས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་རིན་ཆེན་ལག་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་མུན་པ་བྲལ་ཞེས་བྱའོ། །​འདུས་པ་ནི་ལན་བཅུ་དྲུག་སྟེ་ཐམས་ཅད་ལ་ཡང་ཐེར་འབུམ་ཐེར་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲིའོ། །དམ་པའི་ཆོས་ནི་ལོ་བྱེ་བའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྤོས་ཀྱི་གླང་པོ་སྐྱེ་བའི་ཡུལ་ནི་སྤོས་ལྡན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་གསུམ་མོ། །​ཡབ་ནི་སྤོས་ཀྱི་དབང་ཕྱུག་ཅེས་བྱའོ། །​ཡུམ་ནི་ཡིད་འོང་སྤོས་ཞེས་བྱའོ། །​སྲས་ནི་ཡོན་ཏན་སྤོས་ཞེས་བྱའོ། །​རིམ་གྲོ་པ་ནི་འོད་འཕྲོ་ཅན་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་འདམ་ལས་བརྒལ་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བསམ་པ་བྱིན་ཞེས་བྱའོ། །​ཉན་ཐོས་འདུས་པ་ནི་ལན་དྲུག་སྟེ་ཐམས་ཅད་ལ་ཡང་དུང་ཕྱུར་ཕྲག་དྲུག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་ཉི་ཁྲི་ལྔ་སྟོང་ངོ་། །​དམ་པའི་ཆོས་ཀྱང་ལོ་ཉི་ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ་སྐྱེ་བའི་ཡུལ་ནི་གཟི་བརྗིད་བརྟན་པ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བཅྭ་ལྔའོ། །​ཡབ་ནི་དཔའ་བོ་ཞེས་བྱའོ། །​ཡུམ་ནི་མཚོན་ཆ་བཟང་ཞེས་བྱའོ། །​སྲས་ནི་མཐུ་རྩལ་སྟོབས་ཞེས་བྱའོ། །​རིམ་གྲོ་པ་ནི་སྒྱིད་མི་ལུག་པ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་བློ་སྟོབས་བསྐྱེད་ཅེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕས་ཀྱི་རྒོལ་བ་ཚར་གཅོད་ཅེས་བྱའོ། །​འདུས་པ་ནི་ལན་བརྒྱད་ཅུ་རྩ་བཞི་སྟེ་ཐམས་ཅད་ལ་ཡང་བྱེ་བ་ཕྲག་སྟོང་སྟོང་ངོ་། །​སྐུ་ཚེའི་ཚད་ནི་ལོ་དགུ་ཁྲི་ཉིས་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་དགུ་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14151#UT22084-045-001-14151