Degé Kangyur volume 45, F.148.b

བྲམ་ཟེའོ། །​འོད་ནི་དཔག་ཚད་དགུ་ཁྲི་དགུ་སྟོང་ངོ་། །​ཡབ་ནི་རྡོ་རྗེ་འཛིན་ཅེས་བྱའོ། །​ཡུམ་ནི་སྐལ་ལྡན་འདོད་ཅེས་བྱའོ། །​སྲས་ནི་དྲང་སྲོང་བྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་འཕགས་པ་དགྱེས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཐར་པ་སེམས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཕན་པར་འགྲོ་ཞེས་བྱའོ། །​འདུས་པ་ནི་ལན་གཉིས་ཏེ་དུང་ཕྱུར་ཕྲག་གསུམ་དང་བྱེ་བ་ཕྲག་དྲུག་དྲུག་གོ། །​སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲིའོ། །​དམ་པའི་ཆོས་ནི་ལོ་ཉི་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་རྡོ་རྗེ་སྡེ་སྐྱེ་བའི་ཡུལ་ནི་བཀོད་པ་མཐའ་ཡས་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཚད་བརྒྱད་དོ། །​ཡབ་ནི་དྲི་མེད་བྱིན་ཞེས་བྱའོ། །​ཡུམ་ནི་འོད་ལྡན་མ་ཞེས་བྱའོ། །​སྲས་ནི་སྙན་པར་གྲགས་ཞེས་བྱའོ། །​རིམ་གྲོ་པ་ནི་ཡེ་ཤེས་འགྲོས་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་མཐོང་བ་སེམས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་ཡོན་ཏན་གཟི་བརྗིད་ཅེས་བྱའོ། །​འདུས་པ་ནི་ལན་བཞི་བཅུ་སྟེ་ཐམས་ཅད་ལ་ཡང་སུམ་འབུམ་སུམ་འབུམ་མོ། །​སྐུ་ཚེའི་ཚད་ནི་ལོ་སུམ་ཁྲི་ལྔ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་བཞི་ཁྲིའི་བར་དུ་གནས་སོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །​དེ་བཞིན་གཤེགས་པ་ཕལ་ཆེན་བྱིན་སྐྱེ་བའི་ཡུལ་ནི་བསོད་ནམས་སྤོས་ལྡན་ཞེས་བྱའོ། །​རིགས་ནི་རྒྱལ་རིགས་སོ། །​འོད་ནི་དཔག་ཏུ་མེད་དོ། །​ཡབ་ནི་བློ་མཆོག་ཅེས་བྱའོ། །​ཡུམ་ནི་སྣ་མའི་མེ་ཏོག་མཆོག་ཅེས་བྱའོ། །​སྲས་ནི་ཡོན་ཏན་བྱིན་ཞེས་བྱའོ། །​རིམ་གྲོ་པ་ནི་འབྱོར་པའི་བློ་ཞེས་བྱའོ། །​ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ལེགས་པར་གནས་པའི་སེམས་ཞེས་བྱའོ། །​རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བདུད་ཟིལ་གྱིས་གནོན་པ་ཞེས་བྱའོ། །​འདུས་པ་ནི་ལན་ཉི་ཤུ་སྟེ་ཐམས་ཅད་ལ་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཐེར་འབུམ་ཕྲག་ལྔ་ལྔའོ། །​སྐུ་ཚེའི་ཚད་ནི་ལོ་སུམ་སྟོང་ངོ་། །​དམ་པའི་ཆོས་ནི་ལོ་ཁྲི་དྲུག་སྟོང་གི་བར་དུ་གནས་སོ། །​བསྟན་པ་ལ་ནི་ཕྱིར་མི་ལྡོག་པའི་ཚོགས་འབྱུང་བར་འགྱུར་རོ། །​སྐུ་གདུང་ནི་རྒྱས་པར་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14150#UT22084-045-001-14150