Degé Kangyur volume 45, F.90.a

སྐྱེ་བའི་ལས་ཀྱི་རྣམ་པར་རྟོག་པ་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​རྣམ་པར་སྨིན་པ་གསལ་བར་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དམན་པ་དང་དམན་པ་མ་ཡིན་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་གཟུགས་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །​དེ་ལ་གཟུགས་མེད་པ་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཟུགས་མེད་པའི་སྙོམས་པར་འཇུག་པའི་ས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​རྣམ་པ་ལ་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​དམིགས་པ་ལ་རྟོག་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​དམིགས་པ་ལ་མཉམ་པ་ཉིད་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​དམིགས་པ་ཤིན་ཏུ་སྦྱངས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཐ་དད་པ་མེད་པར་སྟོན་པར་མཐོང་བ་ནས་ངེས་པར་འབྱུང་བ་མཐོང་བའི་བར་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་གཟུགས་མེད་པ་ན་སྤྱོད་པའི་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དཀར་པོ་རྣམ་པར་མཐོང་བའི་སའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དཀར་པོ་རྣམ་པར་མཐོང་བའི་ས་ལ་རེ་བ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​མཚན་མ་མེད་པ་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​རྣམ་པར་ལྟ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཀུན་ཏུ་འཕེལ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དཀར་པོ་རྣམ་པར་མཐོང་བའི་ས་ལ་ཆོས་སུ་འདུ་ཤེས་ཤིང་སེམས་ཅན་གྱི་འདུ་ཤེས་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་དཀར་པོ་རྣམ་པར་མཐོང་བའི་སའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རིགས་ཀྱི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རིགས་ཀྱི་ཆོས་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​འབྲིང་པོ་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སྲེད་པར་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​རིགས་ལས་མ་ཉམས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​རིགས་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14033#UT22084-045-001-14033