Degé Kangyur volume 45, F.90.b

ནི་བསམ་གཏན་གྱིའོ། །​བརྒྱད་པའི་ཆོས་རབ་ཏུ་འཐོབ་པའི་སེམས་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་རིགས་ཀྱི་སའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བརྒྱད་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བརྒྱད་པ་དད་པའི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​བརྒྱད་པ་ཆོས་ཀྱི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​བརྒྱད་པ་སྐྱེ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​བརྒྱད་པ་དགྲ་བཅོམ་པ་སྟན་གཅིག་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བརྒྱད་པ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་གནས་པ་དེ་ནི་བསམ་གཏན་གྱིའོ། །​གཉི་གའི་ཆ་ལས་རྣམ་པར་གྲོལ་བ་གང་གིས་སོ་སོ་ཡང་དག་པར་རིག་པ་སྒྲུབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་བརྒྱད་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྒྱུན་དུ་ཞུགས་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྒྱུན་དུ་ཞུགས་པའི་ཆོས་ཀྱི་ལམ་ལ་རྟོག་པ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའིའོ། །​རྣོ་བར་རྟོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །དེ་ལྟར་ཐོགས་ན་ལན་བདུན་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​རིགས་ནས་རིགས་སུ་སྐྱེ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བར་ཆད་གཅིག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཞུགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟེ། འདི་དག་ནི་རྒྱུན་དུ་ཞུགས་པའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ལན་ཅིག་ཕྱིར་འོང་བའི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལན་ཅིག་ཕྱིར་འོང་བ་ལ་ཉོན་མོངས་པ་ཆུང་བར་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའིའོ། །​ཉོན་མོངས་པ་རྣོ་བར་མཐོང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ལས་ཆུང་བར་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལས་ལ་སྲེད་པར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བུལ་བ་ཉིད་དུ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ལྷག་པར་སྲེད་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14034#UT22084-045-001-14034