Degé Kangyur volume 45, F.84.a

ཀུན་ཡང་དག་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ལྷའི་མིག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལྷའི་མིག་དང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སྦྱོར་བ་ཁ་ན་མ་ཐོ་བ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཐག་རིང་པོར་མཐོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​མ་ལུས་པར་མཐོང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​རྒུད་པ་དང་། དར་བ་དང་། བཀུར་སྟི་མེད་པ་མཐོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​དེ་དག་གི་ངེས་པར་བྱུང་བ་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ལྷའི་མིག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །​དེ་ལ་ཟག་པ་ཟད་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཟག་པའི་སྐྱོན་མཐོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཟག་པ་རྣམས་ལ་མངོན་པར་མི་དགའ་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཟག་པ་རྣམས་ལ་མི་ལྟ་ཞིང་སེམས་ཀྱིས་གཏོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཟག་པ་རྣམས་ལ་མི་རྟོག་པར་རྟོགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཟག་པ་རྣམས་ཀྱི་ཡང་དག་པ་ཡོངས་སུ་ཤེས་པའི་སྤོང་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཟག་པ་རྣམས་ཀྱི་བག་ཆགས་ཀྱི་ཉིང་མཚམས་སྦྱོར་བ་ཡོངས་སུ་གཏོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཟག་པ་ཟད་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །​དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་པའོ་ཞེས་མི་འཇིགས་པ་དང་པོའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སངས་རྒྱས་རིགས་པར་རྟོགས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​དམ་བཅས་པ་ལ་མ་ཞུམ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཡང་དག་པར་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །ཐམས་ཅད་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འཁོར་བརྒྱད་ཀྱི་ནང་ན་བག་ཚ་བ་མི་མངའ་ཞིང་། དམ་བཅས་པ་བརྟན་པོ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14021#UT22084-045-001-14021