Degé Kangyur volume 45, F.83.b
།མོས་པ་དེ་ལྟ་བུར་ཉེ་བར་ཞི་བ་དང་། ཐབས་ལ་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་མོས་པ་དུ་མའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་ཐམས་ཅད་དུ་འགྲོ་བའི་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དཀའ་བ་བུལ་བར་རྟོགས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །དཀའ་བ་མྱུར་བར་རྟོགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སླ་བ་བུལ་བར་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །སླ་བ་མྱུར་བར་རྟོགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །འགྲོ་བ་དང་འབྲེལ་པར་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །འགྲོ་བ་དང་འབྲེལ་པ་ཡོད་པ་དང་མེད་པར་རྟོགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཐམས་ཅད་དུ་འགྲོ་བའི་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་འདི་རྣམས་ཀྱི་བདེ་བ་འདི་ངེས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །ཅང་ཤེས་པ་མཚུངས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །གཞན་ལ་ཕན་པར་ཡོངས་སུ་བསྔོས་པའི་ཆོས་རྣམས་གང་ཡིན་པ་དེ་ནི་བཟོད་པའིའོ། །བདག་ལ་ཕན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སྣོད་ཇི་ལྟ་བ་བཞིན་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྒྱུ་འཐུན་པ་རྟོགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། དེ་དག་ནི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྔོན་གྱི་གནས་ལུས་ཀྱིས་རྟོགས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །འགྲོ་བ་རྟོགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ལས་ཀྱི་མཐའ་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །ཉོན་མོངས་པ་རྟོགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །སེམས་རྟོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །རྣམ་པ་ཐམས་ཅད་པའི་མྱ་ངན་ལས་འདས་པ་ཇི་སྙེད་པ་ཀུན་ཡང་དག་པར་མཐོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14020#UT22084-045-001-14020