Degé Kangyur volume 45, F.82.a
དུས་ཐམས་ཅད་དུ་མཚན་མ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །ཐམས་ཅད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཟིལ་གྱིས་མི་ནོན་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །ཡོངས་སུ་བསྔོས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །ཡོངས་སུ་གཅོད་པར་བྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་མཚན་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྨོན་པ་མེད་པར་མྱུར་དུ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །ཆགས་པ་མེད་པ་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཁམས་གསུམ་ལ་མངོན་པར་མི་བལྟ་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །བར་མ་དོར་ཆུད་མི་ཟ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཐར་པ་ལ་དམིགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །བག་ཆགས་འདོན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྨོན་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བྱང་ཆུབ་ཀྱི་སྙིང་པོར་སྐྱིལ་མོ་ཀྲུང་གཅིག་གིས་སྐུ་མ་དུབ་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །སྐུ་གཟི་བྱིན་དང་ལྡན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཆོས་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །ཆོས་མངོན་པར་བརྗོད་ཅིང་ཕྱིན་ཅི་མ་ལོག་པར་རྟོགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །ཐར་པ་འཛིན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །སྒྱུ་མར་རྟོགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །དེ་ལ་རྣམ་པར་སྨིན་པ་གཞན་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚོང་པ་ག་གོན་གྱིས་མཆོད་སྟོན་གསོལ་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །ཀླུ་བཏང་བཟུང་གིས་དཀྲིས་ཏེ་བཞུགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །ཚངས་པ་ཉེ་བར་འོངས་ནས་གསོལ་བ་འདེབས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །གདུལ་བ་རྣམས་ལ་ཡང་དང་ཡང་གཟིགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །གཏི་མུག་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་ན། འདི་ལྟར་གཅིག་ནས་གཅིག་ཏུ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་མངོན་པར་གྲགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14017#UT22084-045-001-14017