Degé Kangyur volume 45, F.81.b

པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྟོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྤྲོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྦྱིན་པ་བྱིན་པ་ན་ནམ་ཡང་རྨུགས་པ་དང་གཉིད་དུ་མ་གྱུར་ཅིང་བདག་ལ་དགའ་བ་མི་སྐྱེད་པ་གང་ཡིན་པ་དེ་ནི་དཔེར་ན་ཤཱཀྱ་ཆེན་པོའི་ནགས་ཁྲོད་དཔག་ཚད་དགུ་བཅུ་རྩ་དྲུག་པ་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​བསླབ་པའི་ཕྱིར་རྒྱལ་སྲིད་སྤངས་ཏེ་སྤོང་བ་ནི་དཔེར་ན་རྒྱལ་པོའི་བུ་དོན་ཡོད་གནས་ན་འདུག་ཅིང་བརྫུན་དུ་སྨྲ་བ་མི་ཟེར་བ་ལྟ་བུ་དང་། ལུས་ཀྱི་ཕྱིར་གཞན་དག་ཕ་མ་གསོད་ཅིང་སྡིག་པ་དག་བྱེད་པ་ན་ངས་སྦྱིན་པ་དང་ཆོས་མ་སྤངས་པས་དེ་ནི་སངས་རྒྱས་ཡིན་ནོ་བར་ཐེ་ཙོམ་མེད་པར་ཤེས་པར་འགྱུར་རོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཕ་རོལ་རྗེས་སུ་བསྲུང་བའི་བཟོད་པ་ནི་དཔེར་ན་གླང་པོ་ཆེ་གནད་དུ་ཕོག་ཀྱང་བསྲུང་བ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའིའོ། །བརྩོན་འགྲུས་ཀྱིས་ལོ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་ཆོས་སྨྲ་བ་ལ་བསྟེན་ཀྱང་གནོད་པ་མེད་ཅིང་མི་སྐྱོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བསམ་གཏན་བྱེད་པ་ནི་དཔེར་ན་འཛམ་བུའི་གླིང་ནས་བདག་ཉིད་མཐོ་རིས་སུ་སོང་བ་བྲམ་ཟེའི་བུ་ཕན་ཚོལ་གྱི་སྔོན་གྱི་ཚུལ་ལས་ཤེས་པར་བྱ་བ་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཤེས་རབ་ནི་དཔེར་ན་སྨན་ཆེན་གྱི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྤྲོ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཁྱིམ་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​དམིགས་པ་མེད་པ་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ས་རབ་ཏུ་ཐོབ་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​བསྒོམ་པའི་སྟོབས་ཅན་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ངེས་པ་ཐོབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བྱ་བ་ཐམས་ཅད་དུ་ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་མཚན་མ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དུས་ཐམས་ཅད་དུ་མཚན་མ་མེད་པ་གང་ཡིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14016#UT22084-045-001-14016