Degé Kangyur volume 45, F.80.b

པར་ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། གཞན་ཡོངས་སུ་སྨིན་པར་བྱ་བའི་སྦྱིན་པ་ནི་དཔེར་ན་རྒྱལ་པོའི་བུ་སྙིང་སྟོབས་ཞུམ་པ་མེད་ཀྱིས་འཛམ་བུའི་གླིང་པའི་སེམས་ཅན་རྣམས་ཚིམ་པར་བྱས་ནས། ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྨིན་པར་བྱས་པ་ལྟ་བུ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​གཞན་ལ་ཕན་པ་དང་ལྡན་པའི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པ་སྙིང་སྟོབས་ནི་དཔེར་ན་སྲེག་པས་མེས་ཚིག་པར་བྱེད་པ་བསད་པ་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​གཞན་ལ་ཕན་པར་ཡོངས་སུ་བསྔོས་པའི་བཟོད་པའི་རྣམ་པར་སྨིན་པ་འཁོར་བ་ནི་དཔེར་ན། ཚངས་པས་སེམས་ཅན་དྲུག་ཅུ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཉོན་མོངས་པ་བཟོད་པ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པའིའོ། །​གཞན་ཡོངས་སུ་སྨིན་པར་བྱ་བའི་བརྩོན་འགྲུས་ནི་དཔེར་ན་ནད་པ་སྲོག་གི་ལྷག་མ་ལུས་པ་ལ་ལོ་བདུན་ཅུར་ཕན་པར་བྱ་བར་འདོད་པའི་ཡིད་ཀྱིས་དཔག་ཚད་བདུན་བརྒྱར་སོང་ནས་རི་གངས་ཅན་ལས་སྨན་བླངས་ཏེ། ནད་པ་ཐར་བར་བྱས་པ་ལྟ་བུ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​གཞན་ལ་ཕན་ཞིང་བདེ་བ་དང་ལྡན་པའི་བསམ་གཏན་ནི་དཔེར་ན་དྲང་སྲོང་སེར་སྐྱས་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་གྲོང་ཁྱེར་བརྩིགས་པ་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​གཞན་བདེ་བར་བསྒྲུབ་པའི་ཤེས་རབ་ནི་དཔེར་ན་བསྟན་བཅོས་ཐམས་ཅད་དང་། ཡིག་འབྲུ་རྣམས་གསོ་བར་བྱེད་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་གཞན་ལ་ཕན་པར་ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །​དེ་ལ་བདག་ལ་ཕན་པར་ཡོངས་སུ་བསྔོས་པའི་ཟང་ཟིང་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། བདག་ལ་ཕན་འདོགས་པ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​བདག་གི་དགེ་བའི་རྩ་བ་རྣམས་འབྲས་བུ་ཡོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​བདག་ཁ་དོག་རྒྱས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​བདག་གི་ཕྱིར་བརྩོན་འགྲུས་རྩོམ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​བདག་གི་ཕྱིར་མཐོ་རིས་སུ་འཇུག་པའི་བསམ་གཏན་ནི་དཔེར་ན་འཇིག་པའི་བསྐལ་པ་བདུན་གྱི་བར་དུ་བདག་འཇིག་རྟེན་འདིར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14014#UT22084-045-001-14014