Degé Kangyur volume 45, F.80.a

སྣའི་དབང་པོ་མ་ཉམས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཡིད་དུ་འོང་བ་སྣོམ་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​མི་འཐུན་པ་སྣོམ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སྣ་མ་གཏུགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​སྐྱོན་སྣོམ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་སྣའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་སྨིན་པ་ལྕེའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལྕེས་རོ་མྱངས་ན་དང་བར་འགྱུར་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཁེངས་ཚིག་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །སྐྱེ་བོ་མང་པོ་འདོད་པའི་ཚིག་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཡི་གེ་མང་པོ་རྗེས་སུ་དྲན་པར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ལྕེ་རྐན་ལ་གཞར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ལྕེ་མཆོག་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་ལྕེའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་སྨིན་པ་ལུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལུས་ཤས་རྒྱས་ཤིང་མདོག་དམར་སེར་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སྐྱེ་བོ་མང་པོས་བལྟ་ན་སྡུག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ལུས་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ལུས་བརྟན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ལུས་ཤིན་ཏུ་གཞོན་ཤ་ཆགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​གཙོ་བོར་འགྲོ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་ལུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་སྨིན་པ་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སེམས་འདོད་ཆགས་ཆུང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཞེ་སྡང་ཆུང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​གཏི་མུག་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​རྟོགས་པ་རྣོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སྤོང་བ་དང་རྗེས་སུ་འཐུན་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཇི་ལྟར་འདོད་པ་བཞིན་ཆོས་ཐམས་ཅད་ཁོང་དུ་ཆུད་པ་མང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་རྣམ་པར་སྨིན་པ་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་གཞན་ལ་ཕན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14013#UT22084-045-001-14013