Degé Kangyur volume 45, F.75.b

གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཤིན་ཏུ་སྦྱངས་པ་ཡང་དག་པ་ལ་རྟོག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཏིང་ངེ་འཛིན་འཕགས་པ་ཐོབ་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཐོབ་པ་ལ་མི་དགའ་བ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཏིང་ངེ་འཛིན་གྱི་ཡན་ལག་འཛིན་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཏིང་ངེ་འཛིན་རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ལྟ་ཞིང་རྟོག་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྟོག་པ་དང་ལྡན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། དགའ་བ་ཅི་སྤངས་ཀྱང་གདུང་བ་མེད་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ལུས་དང་། ངག་བཏང་སྙོམས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​སེམས་ཅན་གྱིས་དབེན་པ་ལ་མི་གནས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​སྒྱུ་མ་ལ་མི་གནས་པ་མི་འདོར་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​སེམས་མ་གཏུགས་ཤིང་ཡིད་བྱུང་བ་མེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​ཆོས་ཐམས་ཅད་ལ་སྐད་ཅིག་པར་རྟོག་ཅིང་དང་དུ་ལེན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཡང་དག་པའི་ལྟ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཕགས་པ་ཡང་དག་པའི་ལྟ་བ་རྟོགས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཁོང་དུ་ཆུད་ནས་ཀུན་ནས་ཉོན་མོངས་པ་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​ཁོང་དུ་ཆུད་ནས་རིགས་པ་རྟོགས་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ངེས་པར་བརྟགས་ནས་གཞན་ལ་ཕན་པ་ཐོབ་པར་བྱེད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​མཐའ་ཡས་པ་ལ་དཔྱོད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​རྣམ་པར་སྨིན་པ་སྡུག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14004#UT22084-045-001-14004