Degé Kangyur volume 45, F.62.b

ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​ཀུན་ནས་ཐགས་བཟང་བ་གང་ཡིན་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​ཚེམས་ཟླུམ་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​མ་གྲུགས་ཤིང་ཆུ་སྒོ་མ་དོད་ལ་སྲ་བ་གང་ཡིན་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​འོག་མ་ཡང་ལྟག་མ་དང་འཚམ་ལ་ལྟག་མ་ཡང་འོག་མ་དང་འཚམ་པ་མཚམས་ཐད་ཀར་འབྱོར་པ་བལྟ་ན་སྡུག་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ཚེམས་མཉམ་པ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཚེམས་བཞི་བཅུ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཚེམས་བཞི་བཅུ་ཚང་བ་གང་ཡིན་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པའོ། །​ཚེམས་ཐགས་བཟང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །​ཚེམས་མ་གཙིགས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །​ཚེམས་རྣོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །​ཚེམས་ལེགས་པར་གྲུབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །​ཚེམས་ཤིན་ཏུ་བརྟན་ཞིང་ཡིད་དུ་འོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ཚེམས་བཞི་བཅུ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ལྗགས་རིང་བ་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྙན་གྱི་བུ་ག་རྒྱ་ཆེར་འགེབས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​ལྗགས་དྲི་མས་མ་སྦགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །​ལྗགས་རྐན་ལ་འབྱར་བ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །​ལྗགས་ཤིན་ཏུ་རྒྱ་ཆེ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །​མཚན་དང་ལྡན་པར་གྲུབ་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །​དེ་པད་མ་འདབ་མ་བརྒྱ་པའི་ཁ་དོག་ཏུ་ལེགས་པར་གནས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ལྗགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13978#UT22084-045-001-13978