Degé Kangyur volume 45, F.59.a

ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་བརྗེད་ངས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཞབས་ཤིན་ཏུ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཞབས་ས་ལ་འཇོག་པ་ན་སྙོམས་པ་དང་། འདེགས་པ་ན་སྙོམས་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​བདེ་བར་གནས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །​གཞན་གྱིས་ཉམས་པར་བྱར་མི་ནུས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །​འཁྲུལ་པ་མེད་པར་གནས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །ཞབས་རེག་པས་སེམས་ཅན་བདེ་བར་འགྱུར་བ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །​གོ་ཆས་ཇི་ལྟར་འདོད་པ་བཞིན་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་རྣམ་པར་སྨིན་པ་སྟེ། འདི་དག་ནི་ཞབས་ཤིན་ཏུ་གནས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཁོར་ལོས་སྤྲས་པ་སྒྲུབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​རྩིབས་ཕན་ཚུན་མ་འདྲེས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །​འདོད་ཆགས་ཀྱི་དབང་གིས་མི་གོས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །​བུམ་པ་ལྟ་བུ་དང་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པས་བརྒྱན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱི་རྣམ་པར་སྨིན་པའོ། །​འཁོར་ལོའི་འོད་འབྱེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱི་རྣམ་པར་སྨིན་པའོ། །​འོད་སྣ་ཚོགས་གཏོང་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་རྣམ་པར་སྨིན་པ་སྟེ། འདི་དག་ནི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་སྨིན་པ་རྟིང་པ་ཡངས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྟིང་པ་ཡངས་ཤིང་ཤིན་ཏུ་སྲབ་པ་གང་ཡིན་པ་དེ་ནི་སྦྱིན་པའི་རྣམ་པར་སྨིན་པའོ། །​རྟིང་པ་ཡངས་པ་ཟླུམ་ཞིང་ཤིན་ཏུ་མཁྲེགས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་རྣམ་པར་སྨིན་པའོ། །​རྟིང་པ་ཡངས་ཤིང་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ནི་བཟོད་པའི་རྣམ་པར་སྨིན་པའོ། །​རྟིང་པ་ཡངས་ཤིང་སྟབས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13971#UT22084-045-001-13971