Degé Kangyur volume 45, F.56.b

པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རིགས་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འཁོར་གྱི་ལོངས་སྤྱོད་ཆེན་པོའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​འཁོར་ཁ་ན་མ་ཐོ་བ་མེད་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​འཁོར་གཅིག་ལ་གཅིག་མངོན་པར་དགའ་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​འཁོར་མ་བཏང་བར་རང་གི་བྱ་བ་རྣམས་ལ་བརྩོན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​ལེགས་པར་བསམ་པ་སེམས་ཤིང་འཁོར་དུལ་བའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​འཁོར་ཐམས་ཅད་ཀྱི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་རིགས་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་འཁོར་ཕུན་སུམ་ཚོགས་པ་སྒྲུབ་པར་བྱེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདུས་པ་ཆེན་པོ་དག་ལ་ལོ་ལྔའི་བར་དུ་ཡང་དག་པར་ལེན་དུ་འཇུག་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​སྐྱེ་བོ་མང་པོའི་འབྱོར་པ་སྐྱོ་བ་མེད་པའི་ཚུལ་ཁྲིམས་ནི་དཔེར་ན་ཀུན་ཏུ་རྒྱུ་རྟོགས་བྱེད་ཀྱི་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​སེམས་ཅན་མང་པོའི་ཕྱིར་བཟོད་པ་ནི་དཔེར་ན་ནོར་ལྔ་བྲེ་གང་གི་ཕྱིར་རྒྱ་མཚོ་ཆེན་པོར་ཆུ་སྲིན་མ་ཀ་རའི་ཁར་ཞུགས་པ་དང་། ཡང་དཔེར་ན་ནོར་ལྔ་བྲེ་གང་གི་ཕྱིར་ཁྲོན་པར་སོང་བ་གང་ཡིན་པ་དེ་ནི་བཟོད་པའོ། །​སྐྱེ་བོ་མང་པོ་ལ་བསྐྱབ་པའི་ཕྱིར་བརྩོན་པ་ནི་དཔེར་ན་ནོར་བུའི་ཕྱིར་རྒྱ་མཚོ་ཆེན་པོ་བསྐམ་པར་བརྩམས་པ་གང་ཡིན་པ་དེ་ལྟ་བུ་སྟེ། དེ་ནི་བརྩོན་འགྲུས་སོ། །​མུ་སྟེགས་བྱེད་རྩིབས་ཀྱི་མུ་ཁྱུད་ཀྱི་བསམ་གཏན་སེམས་ཅན་རྣམས་ལ་ཕན་པ་དང་ལྡན་པ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་བརྩོན་པའི་ཤེས་རབ་ནི་དཔེར་ན་རི་དགས་ཀྱི་རྒྱལ་པོ་བློ་བཟངས་ཀྱིས་རི་དགས་ལྔ་བརྒྱ་རྒྱར་ཆུད་པ་རྣམས་གཞན་རི་བོང་དང་ལྷན་ཅིག་ཏུ་ཐར་བར་བྱས་ནས་འབྲོས་སུ་བཏང་བ་དང་། འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་བཀོད་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་འཁོར་ཕུན་སུམ་ཚོགས་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13966#UT22084-045-001-13966