Degé Kangyur volume 45, F.56.a

མི་ལྟ་བའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་མཚུངས་པར་ལྡན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​རྟོག་པ་མེད་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​བྱང་ཆུབ་བསྒྲུབ་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་འཇིག་རྟེན་པའི་ཆོས་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྣམ་པར་སྨིན་པ་འདུས་མ་བྱས་དང་ལམ་བདེ་བ་སྒྲུབ་པའི་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​ལམ་ལ་ཞུགས་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​བྱང་ཆུབ་ལ་ཐེ་ཙོམ་མེད་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​མཐོང་བའི་ཆོས་ལ་བདེ་བ་སྒྲུབ་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​འགོག་པའི་སྙོམས་པར་འཇུག་པ་དང་མཚུངས་པར་ལྡན་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​དྲན་པ་ཉེ་བར་གཞག་པ་ཡོངས་སུ་སྦྱང་བ་བྱས་ཤིང་། བདེན་པ་ཡོངས་སུ་བཟུང་བ་བྱ་བ་བྱས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་འཇིག་རྟེན་པའི་ཆོས་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་སྐྱེ་བ་བཀོད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྐྱེས་པ་ཙམ་གྱིས་སྟོང་གསུམ་དུ་སྦྱིན་པ་སྦྱིན་པར་བྱེད་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​སྐྱེས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བདེ་བར་གྱུར་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​སྐྱེས་པ་ཙམ་གྱིས་སེམས་ཅན་གནོད་སེམས་ཅན་རྣམས་གནོད་པར་མི་བྱེད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​སྐྱེས་པ་ཙམ་གྱིས་སེམས་ཅན་སྟོང་ཕྲག་རྣམས་མྱ་ངན་ལས་འདས་པ་ལ་བརྩོན་པ་ནི་དཔེར་ན་འོད་སྲུང་དང་པོར་རབ་ཏུ་བྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​སྐྱེས་པ་ཙམ་གྱིས་སེམས་ཅན་རྣམས་དྲན་པ་ཐོབ་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​སྐྱེས་པ་ཙམ་གྱིས་སེམས་ཅན་དམྱལ་བར་གྱུར་པ་ཆོས་བརྗོད་པ་རྣམས་ཐ་ན་ཀུན་ཏུ་བརྗོད་ཅིང་མངོན་པར་བརྗོད་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་སྐྱེ་བ་བཀོད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13965#UT22084-045-001-13965