Degé Kangyur volume 45, F.55.a

པ་དང་པོ་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​ཆོས་ལ་བཟོད་པ་ལས་ངེས་པར་བྱུང་བའི་ཤེས་རབ་ནི་དཔེར་ན་བྲམ་ཟེའི་བུ་སྤྲིན་གྱི་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་འོད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་འོད་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཐབས་ལ་མཁས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པར་སྨིན་པས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་སངས་རྒྱས་ཀྱི་འོད་ཀྱིས་འགེངས་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ཡོངས་སུ་བསྔོ་བའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​ཆོས་ལ་འདུ་ཤེས་པའི་བཟོད་པ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་བཟོད་པའོ། །​སྟོང་པ་ཉིད་ལ་སྒོམ་པར་དགའ་བའི་བརྩོན་འགྲུས་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​ཕྱིར་མི་ལྡོག་པའི་བསམ་གཏན་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​ས་བརྒྱད་པ་ལ་གནས་པའི་ཤེས་རབ་ཐམས་ཅད་དུ་ཡོངས་སུ་བསྔོ་བ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་འོད་མཐའ་ཡས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་རྣམ་པར་སྨིན་པ་བདེ་བའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཤི་བ་ལ་ཐུག་པའི་སྦྱིན་པ་གང་གི་རྣམ་པར་སྨིན་པས་དགའ་ལྡན་ནས་ཤི་འཕོས་པ་ན་ཡི་དགས་རྣམས་ཀྱི་བཀྲེས་པ་ཕྱིད་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​ཤི་བ་ལ་ཐུག་པ་རྣམས་བཅིངས་པ་ལས་དགྲོལ་བའི་ཕྱིར་བདག་ཉིད་གཏོང་བའི་ཚུལ་ཁྲིམས་ནི་དཔེར་ན་རྒྱལ་པོའི་བུ་ལེགས་བྱིན་གྱི་སྔོན་གྱི་ཚུལ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​བཟོད་པ་ནི་དཔེར་ན་ཉའི་སྐྱེས་པའི་རབས་ལས་གྲོག་སྦུར་དེ་དག་གིས་བདག་གི་ཤ་ཟོས་ནས་བདེ་བར་གྱུར་ན་ལེགས་སོ་ཞེས་བྱ་བ་གང་ཡིན་པ་དེ་ནི་བཟོད་པའོ། །​རྟའི་རྒྱལ་པོ་རྔོག་ལྡན་སྡུག་བསྔལ་བ་རྣམས་ལ་སྙིང་བརྩེ་བའི་ཕྱིར་བརྩོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​ནད་ཀྱི་བར་གྱི་བསྐལ་པའི་བསམ་གཏན་ནི་དཔེར་ན་བྲམ་ཟེའི་བུ་དེ་བི་དྷ་འཛམ་བུའི་གླིང་དུ་རེག་པ་ལྔ་ཞི་བར་བྱེད་པ་ལྟ་བུ་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​ཚོང་པ་ལྔ་བརྒྱ་དང་རྒྱལ་པོའི་སྲས་མོ་བུ་མོ་ལྔ་བརྒྱ་དག་ཐར་བར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13963#UT22084-045-001-13963