Degé Kangyur volume 45, F.54.b

པའི་བཟོད་པ་ནི་དཔེར་ན་ཡུལ་ཀ་ཤིའི་རྒྱལ་པོའི་མགོ་བཅད་ཀྱང་འཁྲུག་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​སེར་སྐྱའི་གནས་ནས་བྱུང་སྟེ། བསོད་སྙོམས་ལེན་པའི་བརྩོན་འགྲུས་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​ཚངས་པར་སྤྱོད་ཅིང་ཡན་ལག་བཞི་དང་ལྡན་པ་སྤུ་ཟིང་ཞེས་བྱེད་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​གྲོང་ཁྱེར་དང་མཚུངས་པའི་ཤེས་རབ་ནི་དཔེར་ན་འཇིག་རྟེན་པ་མ་ལུས་པ་ཐམས་ཅད་སྙོམས་པར་ཞུགས་པ་ལྟ་བུ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་མངོན་པར་དགའ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་དུས་སུ་བྱིན་པ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། སྡུག་བསྔལ་བར་འགྱུར་བ་རྣམས་ལ་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​རུ་སྦལ་གྱི་སྐྱེས་པའི་རབས་ཀྱི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​མངོན་དུ་སྡུག་བསྔལ་བས་ལུས་དང་ངག་ལ་གནོད་པ་མེད་པའི་བཟོད་པ་ནི་དཔེར་ན་བཟང་བརྩམས་ཡན་ལག་བཅད་ཀྱང་འཁྲུག་པ་མེད་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​སངས་རྒྱས་འབྱུང་བ་ན་བརྩོན་པ་ནི་དཔེར་ན་སངས་རྒྱས་མངོན་སུམ་དུ་བྱེད་ཅིང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་རྒྱ་མཚོ་ལ་ལོ་སུམ་ཁྲིའི་བར་དུ་རྨུགས་པ་དང་གཉིད་མི་འབྱུང་བ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​བཙུན་མོའི་འཁོར་ན་གནས་པའི་བསམ་གཏན་གང་ཡིན་པ་དེ་ནི་བསམ་གཏན་ནོ། །​འཁོར་བ་ན་གང་དུས་དང་མཚུངས་པར་ལྡན་པའི་ཤེས་རབ་གང་དང་གང་དུ་བདག་དང་གཞན་ལ་ཕན་པར་འགྱུར་བའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་རབ་སྟེ། འདི་དག་ནི་དུས་སུ་སྦྱིན་པ་དང་མཚུངས་པར་ལྡན་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །​དེ་ལ་འོད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། མར་མེའི་ཕྲེང་བ་སྦྱིན་པ་གང་ཡིན་པ་དེ་ནི་སྦྱིན་པའོ། །​གཞན་ལ་ཕན་པའི་ཚུལ་ཁྲིམས་ནི་དཔེར་ན་སྲེག་པའི་སྐྱེས་པའི་རབས་ལྟ་བུ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་སོ། །​ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་གང་ཡིན་པ་དེ་ནི་བཟོད་པའོ། །​འབྲུ་མར་གྱི་སྦྱིན་པ་ལ་བརྩོན་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་སོ། །​བྱང་ཆུབ་སེམས་དཔའི་བསྐལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-13962#UT22084-045-001-13962