དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལེགས་བསམས་གྲགས་པ་གཏར་མཁན་ཚེ། །དེ་བཞིན་གཤེགས་པ་ལེགས་པའི་བློ་དེ་ལ། །ནོར་བུ་སྐར་འོད་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྣང་ལྡན་རྒྱལ་པོའི་ཕོ་ཉའི་ཚེ། །དེ་བཞིན་གཤེགས་པ་བཀོད་པ་དཔག་མེད་ལ། །ལན་གསུམ་བསྐོར་བ་དག་ནི་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཚོགས་འཁོར་སྒྱུར་བློན་མཆོག་ཚེ། །དེ་བཞིན་གཤེགས་པ་སེང་གེའི་མཆེ་བ་ལ། །གསེར་དང་བྱི་རུ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡོན་ཏན་བསྲུངས་པ་འདྲོན་པོའི་ཚེ། །ལམ་སྲང་དག་ཏུ་རྡོ་སྟེགས་བཙུགས་ནས་ཀྱང་། །དེ་བཞིན་གཤེགས་པ་བསོད་ནམས་མཐུ་རྩལ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དོན་གྱི་བློ་གྲོས་ལྔ་མངོན་ཤེས་པ་པོ། །བྲམ་ཟེའི་ཚེ་ན་དེ་བཞིན་གཤེགས་པ་ལྷ་མཆོག་གི། །ཞབས་ལ་མགོ་བོ་དག་གི་ཕྱག་དག་འཚལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བསྙེངས་མེད་ཆུ་རྐ་སྲུང་བའི་ཚེ། །ཉིན་ཞག་བདུན་དུ་བྱམས་པ་བསྒོམས་ནས་ཀྱང་། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་གནས་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་གྲོགས་བརྟན་གོས་འཚོང་ཚེ། །དེ་བཞིན་གཤེགས་པ་ལྷ་ཡི་མཆོད་རྟེན་ལ། །ཁང་བརྩེགས་མོན་དར་དག་གིས་བཀབ་པ་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་གནས་མཚུངས་པ་དགེ་སློང་ཚེ། །དམ་ཆོས་ཡོངས་སུ་གཟུང་ཕྱིར་སྤྲོ་བསྐྱེད་ནས། །དེ་བཞིན་གཤེགས་པ་གློག་གི་འོད་ཟེར་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ནོར་ཞབས་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་རྒྱལ་བར་དགྱེས་དེ་ལ། །མེ་ཏོག་ཨུད་པལ་ཆང་པ་གང་གཏོར་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཐར་པའི་གཟི་བརྗིད་གྲོང་དཔོན་བུ་མོའི་ཚེ། །དེ་བཞིན་གཤེགས་པ་ལྷུན་པོའི་རྒྱལ་མཚན་དེ་ལ་ནི།