Degé Kangyur volume 45, F.308.b
།དེ་བཞིན་གཤེགས་པ་ལྷུན་པོའི་རྒྱལ་མཚན་དེ་ལ་ནི། །བསོད་སྙོམས་དང་པོ་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ངོས་བཟངས་ཕྱུགས་རྫིའི་ཚེ། །དེ་བཞིན་གཤེགས་པ་མེ་ཏོག་འོད་དེ་ལ། །ཞུན་མར་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་བློ་བཟངས་ཕྱུག་པོའི་བུ་ཚེ་སངས་རྒྱས་ཀྱི། །དགེ་སློང་ཁ་ཏོན་འདོན་པར་བཟའ་བ་བྱིན་ནས་ཀྱང་། །དེ་བཞིན་གཤེགས་པ་བློ་གྲོས་མཆོག་མ་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཀུན་གཟིགས་རབ་བྱུང་ཞག་བདུན་དགེ་སློང་ཚེ། །དེ་བཞིན་གཤེགས་པ་སྤོས་ཀྱི་ངད་ལྡན་བཅོམ་ལྡན་གྱིས། །ལེགས་པར་གསུངས་ལ་རྗེས་སུ་ཡི་རང་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡེ་ཤེས་མཆོག་ནི་དགེ་སློང་ཚེ། །ཏིང་འཛིན་འདི་ལ་ཡི་རང་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་ཡོན་ཏན་མཐུ་རྩལ་ལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཚངས་གནས་རྒྱལ་བུའི་ཚེ། །དེ་བཞིན་གཤེགས་པ་བློ་གྲོས་ཁྱད་པར་ལ། །ཡན་ལག་ལྔ་ལྡན་སིལ་སྙན་དག་གིས་མཆོད། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བདེན་གསུང་ཁྱིམ་བདག་ཚེ། །དེ་བཞིན་གཤེགས་པ་དྲང་སྲོང་གསལ་དེ་ལ། །ལྷུང་བཟེད་འོ་མས་བཀང་སྟེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་བློ་བཟངས་སྨན་པའི་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་སྒྲོན་དེ་ལ། །ཨ་རུ་ར་ཡི་འབྲས་བུ་དགུ་ཕུལ་ནས། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྟོབས་བྱིན་ཚོང་དཔོན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་འབར་བ་ཡི། །གཙུག་ལག་ཁང་དག་སྐྱོང་ནུལ་བྱུགས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སེང་གེ་སྟབས་ནི་རྒྱ་མཚོའི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་གཟིགས་པ་ཐ་མ་དེ་ལ་ནི། །བྱི་རུ་སྤར་བ་བཀང་སྟེ་གཏོར་བ་བྱས་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14470#UT22084-045-001-14470