།བདེ་གཤེགས་གྲགས་པ་མཐའ་ཡས་དེད་དཔོན་གྱི། །བུ་ཚེ་བདེ་གཤེགས་མེ་ཏོག་དཔལ་དེ་ལ། །ན་བཟའ་བླ་རེ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་ཟེར་དོན་ཡོད་རྒྱ་མཚོའི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་ཕྱག་ལྡན་དེ་ལ་ནི། །མུ་ཏིག་དམར་པོ་སྤར་བ་བཀང་སྟེ་གཏོར་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ལྷ་ཡི་དྲང་སྲོང་དྲང་སྲོང་ཚེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲོན་མ་ལ། །ལོ་མ་དག་གི་གདུགས་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐྱེ་དབང་འཁོར་ལོས་སྒྱུར་བའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཟེར་ལ། །གླིང་བཞི་དག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་དགེ་འདུན་བརྟན་པ་མཐའ་འཁོབ་རྒྱལ་པོའི་ཚེ། །དེ་བཞིན་གཤེགས་པ་ཚངས་པའི་དབྱངས་ཅན་དེ་ལ་ནི། །མེ་ཏོག་སྟོང་སྙེད་བཀྲམ་པའི་འཆག་ས་ཕུལ་ནས་ཀྱང་། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །དེ་བཞིན་གཤེགས་པ་ཕྱོགས་བཟང་གསེར་འཚོང་ཚེ། །དེ་བཞིན་གཤེགས་པ་བཀོད་པ་ཆེན་པོ་ལ། །གསེར་གྱི་གླེགས་མ་བཀྲམ་པའི་འཆག་ས་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཏོག་ནི་གསེར་མགར་ཁྱེའུ་ཡི་ཚེ། །དེ་བཞིན་གཤེགས་པ་ཐར་པའི་ཉི་མ་ལ། །མར་མེ་བཟང་པོ་བཤམས་ཏེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཡུལ་འཁོར་མེ་ཏོག་རྩྭ་འཚོང་ཚེ། །དེ་བཞིན་གཤེགས་པ་བརྩོན་འགྲུས་བརྟན་པོ་ཡི། །འཆག་ས་རྩྭ་ཡིས་ཁེབས་པར་བཀྲམ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཆོས་ཀྱི་བླ་གྲོས་ཚོང་དུས་པ་ཡི་ཚེ། །ཚོང་དུས་བར་སྲང་དག་ནི་ཕྱག་དར་བྱས་ནས་ཀྱང་། །དེ་བཞིན་གཤེགས་པ་བློ་ཡི་འོད་ལྡན་དེ་ལ་ནི། །དང་པོ་ཉིད་དུ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རླུང་ཤུགས་ལྟར་གཤེགས་དྷིང་ཏ་ཁྱེའུ་ཡི་ཚེ། །དེ་བཞིན་གཤེགས་པ་ཡོན་ཏན་གྲགས་པ་དེ་ལ་ནི། །བསིལ་ཡབ་དག་གིས་གཡབ་པ་དག་ནི་བྱས་ནས་ཀྱང་། །