།བདེ་གཤེགས་འོད་ཆེན་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་གཤེགས་པ་སྒྲོན་མ་ཆེན་པོ་སྟེ། །དྲང་སྲོང་དེ་ལ་མར་མེ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་གྲོལ་ཕུང་ལྷམ་མཁན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཚངས་པའི་དབྱངས་དེ་ལ། །མཆིལ་ལྷམ་ཟུང་ཅིག་དབུལ་བ་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རྣམ་སྣང་འཁོར་ལོས་སྒྱུར་བའི་ཚེ། །དེ་བཞིན་གཤེགས་པ་ཡིད་གཉིས་འཇོམས་དེ་ལ། །ཏ་ལི་བ་ཏི་བརྒྱད་ཁྲི་བཞི་སྟོང་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཉི་སྙིང་བྲམ་ཟེའི་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་གཟི་བརྗིད་མཐའ་ཡས་ལ། །ཀོ་ཤ་ཏ་ཀའི་མེ་ཏོག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཟླ་བ་གསེར་མགར་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཟླ་བའི་ཞལ་དེ་ལ། །རིན་པོ་ཆེ་ཡི་སྡོང་བུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་འཕྲོ་གྲོང་ཁྱེར་རྟེན་པའི་ཚེ། །དེ་བཞིན་གཤེགས་པ་མཐའ་ཡས་འོད་དེ་ལ། །རྩྭ་ཡི་སྒྲོན་མ་དག་ནི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་འོད་བཟངས་ནགས་ཚལ་སྲུང་གྱུར་ཚེ། །དེ་བཞིན་གཤེགས་པ་ཡིད་འོང་གཟི་བརྗིད་ལ། །ཙམ་པ་ཀ་ཡི་མེ་ཏོག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་མྱ་ངན་མེད་པ་ཚོང་དཔོན་བུས། །དེ་བཞིན་གཤེགས་པ་ཡིད་གཉིས་རྣམ་འཇིག་ལ། །ཀར་ནི་ཀ་ཡི་མེ་ཏོག་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་སྐར་རྒྱལ་ཁྱིམ་བདག་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་བསོད་ནམས་སྒྲོན་དེ་ལ། །ནོར་བུ་རིན་ཆེན་མཆིལ་ལྷམ་ཟུང་ཅིག་ཕུལ། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་རབ་གསལ་རྒྱ་མཚོའི་ཚོང་པའི་ཚེ། །དེ་བཞིན་གཤེགས་པ་ལེགས་པར་མཐོང་དེ་ལ། །ཙན་དན་དམར་པོའི་གཟིམས་ཁྲི་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །བདེ་གཤེགས་ཕྲེང་ཐོགས་ཁྱིམ་བདག་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཡིད་འོང་གཟི་བརྗིད་ལ།