Degé Kangyur volume 45, F.75.a

པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ཆོས་རྣམ་པར་འབྱེད་པས་སྐྱོན་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​ཆོས་རྣམ་པར་འབྱེད་པས་ཐར་པ་དང་འཐུན་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​མཐའ་གཉིས་ཡོངས་སུ་སྤོང་བ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཆོས་རྣམ་པར་འབྱེད་པ་རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཆོས་རྣམ་པར་འབྱེད་པ་སྒྲོ་མི་འདོགས་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​འདི་དག་ཐམས་ཅད་ལ་མི་འཛིན་པར་བསྒོམ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ །​དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། རྟོགས་ནས་རྗེས་སུ་ཆགས་པའི་དངོས་པོ་སྤོང་བ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​བརྩོན་འགྲུས་བླ་ན་མེད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​བརྩོན་འགྲུས་ལ་མངོན་པར་ཞེན་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་བསལ་བ་ལ་མི་གནས་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཀུན་ཏུ་སྦྱོར་བ་རྣམས་ལ་ཇི་མི་མཇེད་པ་གང་ཡིན་པ་དེ་ནི་བསམ་གཏན་གྱིའོ། །​བདག་ཉིད་དཔྱོད་ཅིང་བཟོ་ཐམས་ཅད་བསྒྲུབ་ལ་ས་བདུན་པའི་ཤེས་པ་ཡོངས་སུ་མ་གཏུགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟེ། འདི་དག་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །​དེ་ལ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་གང་ཡིན་པ་དེ་ནི་སྦྱིན་པའིའོ། །​སེམས་ཤིན་ཏུ་སྦྱངས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱིའོ། །​འཁོར་བ་ལ་བརྐམ་པ་མེད་པ་གང་ཡིན་པ་དེ་ནི་བཟོད་པའིའོ། །​ཤིན་ཏུ་སྦྱངས་པ་རྒྱུན་མི་འཆད་པ་གང་ཡིན་པ་དེ་ནི་བརྩོན་འགྲུས་ཀྱིའོ། །​ཤིན་ཏུ་སྦྱངས་པ་སྒོམ་པའི་སོ་སོར་བརྟགས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh94.html?part=UT22084-045-001-14003#UT22084-045-001-14003