Degé Kangyur volume 26, F.7.b

ཏོ། མངོན་པར་གཏོར་ཏོ། །​མངོན་པར་རབ་ཏུ་གཏོར་ཏོ། །​སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་འདུལ་བ་དང་། སྣོད་དུ་གྱུར་པའི་མི་ཇི་སྙེད་ཅིག་ཡོད་པ་དེ་དག་ཀྱང་མེ་ཏོག་ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པ་མང་པོ་ཁྱེར་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་མཆོད་པ་བྱེད་པར་གྱུར་ཏོ། །​མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་ལ་སོགས་པ་དང་། ན་བཟའ་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དེ་དག་ཐམས་ཅད་ཀྱང་དེ་མ་ཐག་ཏུ། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས། བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་མེ་ཏོག་ལ་སོགས་པའི་ཁང་པ་བརྩེགས་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་རེད་དེ་གནས་པར་གྱུར་ཏོ། །​ཁང་པ་བརྩེགས་པ་དེ་ལས་ཀྱང་ལྷ་རྫས་ཀྱི་མེ་ཏོག་དང་། དར་གྱི་ལྡ་ལྡི་མང་པོ་འཕྱང་བར་གྱུར་ཏོ། །​མངོན་པར་འཕྱང་བར་གྱུར་ཏོ། །​རབ་ཏུ་འཕྱང་བར་གྱུར་ཏོ། །​མེ་ཏོག་དང་། དར་གྱི་ལྡ་ལྡི་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཤིན་ཏུ་མཛེས་པར་གྱུར་ཏོ། །​བཅོམ་ལྡན་འདས་ཀྱི་འོད་སྣང་བ་གསེར་གྱི་ཁ་དོག་ལྟ་བུ་དེས་ཀྱང་ཤིན་ཏུ་མཛེས་ཤིང་། ལྷམ་མེ། ལྷན་ནེ། ལྷང་ངེར་གྱུར་ཏོ། །​སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཇི་ལྟ་བ་དེ་བཞིན་དུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །​ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་གི་ཕྱོགས་མཚམས་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་། བཅོམ་ལྡན་འདས་ཀྱི་འོད་སྣང་བ་དེས་ཁྱབ་ཅིང་གསལ་བར་གྱུར་ཏོ། །​དེ་ལ་འཛམ་བུའི་གླིང་གི་མི་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6628#UT22084-026-001-6628