Degé Kangyur volume 26, F.8.a

མཐོང་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། །​དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །​འཛམ་བུའི་གླིང་གི་མི་རྣམས་ཇི་ལྟར་སེམས་པ་དེ་བཞིན་དུ། ནུབ་ཀྱི་བ་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་པོ་དང་། བྱང་གི་སྒྲ་མི་སྙན་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བར་དང་། དེ་བཞིན་དུ་སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང་ལྷ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ཏོ་སྙམ་མོ། །​དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ། འོད་རབ་ཏུ་དགྱེ་བ་མཛད་དེ། ཡང་འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་སྣང་བར་གྱུར་ཏོ། །​ཤར་ཕྱོགས་དང་། ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་གི་ཕྱོགས་མཚམས་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རབ་ཏུ་སྣང་བར་གྱུར་ཏོ། །​འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་མང་པོ་མཐོང་བར་གྱུར་ཏོ། །​ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ན། སེམས་ཅན་གང་ཇི་སྙེད་འཁོད་པ་དེ་དག་གིས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། བཅོམ་ལྡན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6629#UT22084-026-001-6629