Degé Kangyur volume 26, F.7.a

བཅུའི་འཇིག་རྟེན་ལྷ་དང་བཅས་པ། དབང་པོ་དང་བཅས་པ། ཚངས་པ་དང་བཅས་པ། གཙང་མའི་གནས་དང་བཅས་པ། ཟིལ་གྱིས་ནོན་པར་བཞུགས་པ་ཡང་འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་དཔལ་གྱིས་མཛེས་ཤིང་། ལྷམ་མེ། ལྷན་ནེ། ལྷང་ངེའོ། །​དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱི་སྐུ་ཅི་འདྲ་བ་དེ་བཞིན་དུ་བསྟན་ཏོ། །​དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་གཙང་མའི་གནས་ཀྱི་ལྷའི་རིས་དང་། ཀུན་སྣང་དང་བ་དང་། ཚངས་རིས་དང་། གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ་དང་། དགའ་ལྡན་དང་། མཚེ་མ་དང་། སུམ་ཅུ་རྩ་གསུམ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གང་ཇི་སྙེད་པ་དེ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདན་སེང་གེའི་ཁྲི་ལ་བཞུགས་པ་མཐོང་ནས། དགའ་ཞིང་སྤྲོ་བ་དང་། ཡིད་བདེ་ཞིང་རབ་ཏུ་དགའ་ལ་ཉམས་བདེ་བ་དང་ཡིད་བདེ་བ་སྐྱེས་ནས་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ལྷ་རྫས་ཀྱི་བྱུག་སྤོས་དང་། ལྷ་རྫས་ཀྱི་ཨུཏྤལ་དང་། པད་མོ་དང་། ཀུ་མུད་དང་། པུན་ད་རི་ཀ་དང་། ན་ལི་ན་དང་། སཽ་གན་དྷི་དང་། ལྷ་རྫས་ཀྱི་མེ་ཏོག་གེ་སར་དང་། ཏ་མ་ལའི་ལོ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་མང་པོ་ཐོགས་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། བྱུག་སྤོས་དང་། ཨུཏྤལ་དང་། པད་མོ་དང་། ཀུ་མུད་དང་། པུན་ད་རི་ཀ་དང་། ན་ལི་ན་དང་། སཽ་གན་དྷི་དང་། མེ་ཏོག་གེ་སར་དང་། ཏ་མ་ལའི་ལོ་མ་དང་། ལྷ་རྫས་ཀྱི་ན་བཟའ་དང་། རྒྱན་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དག་གིས་བཅོམ་ལྡན་འདས་ལ་གཏོར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6627#UT22084-026-001-6627