Degé Kangyur volume 26, F.6.b

པས་འདི་ལྟ་སྟེ། དཔེར་ན་ཉི་མ་བསྒྲིབས་པ་མེད་པ་ནམ་མཁའི་དབྱིངས་ཡོངས་སུ་དག་པ་ལ་འདུག་པའམ། ཟླ་བ་ཉ་བའི་ཟླ་བའི་དཀྱིལ་འཁོར་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རི་རབ་དང་བཅས་པ། ཁོར་ཡུག་དང་བཅས་པ། ལྷའི་གནས་དང་བཅས་པ། དབང་པོ་དང་བཅས་པ། དབང་བྱེད་དང་བཅས་པ། ལྷ་དང་། ལྷ་མ་ཡིན་གྱི་རིས་དང་བཅས་པ། ཚངས་པ་དང་བཅས་པ། གཙང་མའི་གནས་དང་བཅས་པ་འདི་ཟིལ་གྱིས་མནན་ཏེ་བཞུགས་ན། འོད་དང་སྐུ་མདོག་དང་། གཟི་བརྗིད་དང་དཔལ་གྱིས་མཛེས་ཤིང་། ལྷམ་མེ། ལྷན་ནེ། ལྷང་ངེའོ། །​ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཟིལ་གྱིས་མནན་ཏེ། འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་། ལྷམ་མེ། ལྷན་ནེ། ལྷང་ངེར་བཞུགས་པ་དེ་བཞིན་དུ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །​དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་། ལྷོ་ནུབ་དང་ནུབ་བྱང་གི་ཕྱོགས་མཚམས་དང་། འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཟིལ་གྱིས་མནན་ཏེ། འོད་དང་། སྐུ་མདོག་དང་། གཟི་བརྗིད་དང་། དཔལ་གྱིས་མཛེས་ཤིང་། ལྷམ་མེ་ལྷན་ནེ། ལྷང་ངེར་བཞུགས་སོ། །​འདི་ལྟ་སྟེ་དཔེར་ན། རིའི་རྒྱལ་པོ་རི་རབ་རི་ནག་པོ་གཞན་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི་མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེའོ། །​འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་སྐར་མའི་གཟུགས་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི་མཛེས་ཤིང་ལྷམ་མེ། ལྷན་ནེ། ལྷང་ངེའོ། །​འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་འོད་གཞན་ཐམས་ཅད་ཟིལ་གྱིས་ནོན་པར་གནས་པ་ནི་མཛེས་ཤིང་། ལྷམ་མེ། ལྷན་ནེ། ལྷང་ངེའོ། །​དེ་བཞིན་དུ་བཅོམ་ལྡན་འདས་ཕྱོགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6626#UT22084-026-001-6626