Degé Kangyur volume 26, F.6.a

སྒྲ་ཐོས་པར་གྱུར་ཏོ། །​སྨྱོན་པ་རྣམས་ཀྱང་དྲན་པ་ཐོབ་པར་གྱུར་ཏོ། །​སེམས་འཁྲུགས་པ་རྣམས་ཀྱང་འཁྲུག་པ་མེད་པའི་སེམས་ཐོབ་པར་གྱུར་ཏོ། །​གོས་མེད་པ་རྣམས་ཀྱང་གོས་ཐོབ་པར་གྱུར་ཏོ། །​དབུལ་པོ་རྣམས་ཀྱང་ནོར་ཐོབ་པར་གྱུར་ཏོ། །​བཀྲེས་པ་རྣམས་ཀྱང་ཟས་ཐོབ་པར་གྱུར་ཏོ། །​སྐོམ་པ་རྣམས་ཀྱང་བཏུང་བ་ཐོབ་པར་གྱུར་ཏོ། །​ནད་ཀྱིས་བཏབ་པ་རྣམས་ཀྱང་ནད་མེད་པར་གྱུར་ཏོ། །​ལུས་ཉམས་པ་དང་དབང་པོ་མ་ཚང་བ་རྣམས་ཀྱང་ལུས་དང་དབང་པོ་ཚང་ཞིང་རྒྱས་པར་གྱུར་ཏོ། །​ངལ་བ་རྣམས་ཀྱང་ངལ་སོས་པར་གྱུར་ཏེ། ལུས་དང་ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་དང་། འཚོ་བ་མི་དགེ་བ་མ་སྤངས་པ་རྣམས་ཀྱང་། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དང་འཚོ་བ་མི་དགེ་བ་སྤངས་པར་གྱུར་ཏོ། །​སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ། དཔེར་ན་ཕ་དང་། མ་དང་། ཕུ་ནུ་དང་། སྲིང་མོ་དང་། མཛའ་བ་དང་། གཉེན་པ་དང་། གྲོགས་པོ་དང་། མཚུངས་པའི་སེམས་ཀྱིས་ཕན་ཚུན་སེམས་མཉམ་པ་ཉིད་དུ་གྱུར་ཏོ། །​སེམས་ཅན་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་ཞིང་ཚངས་པར་སྤྱོད་པ་དང་། གཙང་བ་དང་། ཉེས་པའི་དྲི་ང་བ་མེད་དེ། མི་དགེ་བའི་རྟོགས་པ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །​དེའི་ཚེ་སེམས་ཅན་ཐམས་ཅད་བདེ་བའི་རྣམ་པ་འདི་ལྟ་བུ་དང་ལྡན་པར་གྱུར་ཏེ། དཔེར་ན་དགེ་སློང་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པའི་བདེ་བ་དེ་ལྟ་བུའི་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཏོ། །​དེའི་ཚེ་སེམས་ཅན་ཐམས་ཅད་རྣམ་པ་འདི་ལྟ་བུའི་ཤེས་རབ་དང་ལྡན་པར་གྱུར་ཏེ། འདི་ལྟར་སྦྱིན་པ་ནི་དགེ་བའོ། །​ཞི་བ་ནི་དགེ་བའོ། །​དུལ་བ་ནི་དགེ་བའོ། །​སྡོམ་པ་ནི་དགེ་བའོ། །​བདེན་པ་ནི་དགེ་བའོ། །​བག་བྱེད་པ་ནི་དགེ་བའོ། །​བྱམས་པ་ནི་དགེ་བའོ། །​སྙིང་རྗེ་ནི་དགེ་བའོ། །​ཚངས་པར་སྤྱོད་པ་སྤྱད་པ་ནི་དགེ་བའོ། །​སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་མི་འཚེ་བ་འདི་ནི་དགེ་བའོ། །​ཞེས་བྱ་བར་ཤེས་པར་གྱུར་ཏོ། །​དེའི་ཚེ་བཅོམ་ལྡན་འདས་གདན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh9.html?part=UT22084-026-001-6625#UT22084-026-001-6625