Degé Kangyur volume 15, F.18.b

ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་ཀྱི་དབྱིངས་མ་ལགས། །​ཆོས་ཀྱི་གནས་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་ཀྱི་གནས་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་ཀྱི་གནས་ཉིད་མ་ལགས། །​ཆོས་སྐྱོན་མེད་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་སྐྱོན་མེད་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་སྐྱོན་མེད་པ་ཉིད་མ་ལགས། །​ཡང་དག་པའི་མཐའ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཡང་དག་པའི་མཐའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡང་དག་པའི་མཐའ་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཡོངས་སུ་བཟུང་བ་མ་མཆིས་སོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གཉིས་པ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཡོངས་སུ་བརྟག་པར་བགྱི་སྟེ། ཇི་ནས་ཀྱང་ཆོས་གང་ལ་ཡང་ཡིད་རྣམ་པར་མྱི་རྒྱུ་བ་དེ་ལྟར་ཡོངས་སུ་བརྟག་པར་བགྱིའོ། །བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ཞེས་བགྱི་བ་སྟེ། རྒྱ་ཆེ་བ་ཕུལ་དུ་བགྱི་བ་ཚད་མ་མཆིས་པ། ཚད་མ་མཆིས་པར་ངེས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་དེ་དག་དང་ཐུན་མོང་མ་ལགས་པ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6684#UT22084-014-001-6684