Degé Kangyur volume 95, F.262.b

བཞི་པོ་ཆེར་གསང་བ། དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པ་བཀླགས་པ་ཙམ་གྱིས་མངོན་པར་གྲུབ་པར་བྱེད་པ་སྟེ། འདི་ལ་ཐེ་ཚོམ་མི་བྱའོ། །​འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་དངོས་གྲུབ་ཀྱི་བསྒྲུབ་པའི་ཆོ་ག་རྒྱས་པའི་ལེའུའོ།​། །​།དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་འབྱུང་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་པ། སོར་མོ་རྣམས་ཕན་ཚུན་འཁྱུད་དེ། གུང་མོ་བརྐྱང་ནས་ཁབ་ལྟར་བཟུང་བ་ནི་འབྱུང་པོ་ཆེན་པོ་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །​ཕྱག་རྒྱ་འདི་ཉིད་གུང་མོ་བཀུག་ཅིང་མཛུབ་མོ་བརྐྱང་ནས་བཀུག་པ་ནི་རྒྱལ་བའི་ཕྱག་རྒྱའོ། །​ཕྱག་རྒྱ་འདི་ཉིད་ལས་མཛུབ་མོ་གཡོན་པ་བསྐྱིལ་ཞིང་མཐེའུ་ཆུང་བརྐྱང་སྟེ། སོ་སོར་བཟུང་བ་ནི་རྫོགས་བྱེད་ཀྱི་ཕྱག་རྒྱའོ། །​སོར་མོ་ཕན་ཚུན་འཁྱུད་དེ་བཟུང་བ་ནི་ཀུན་ཏུ་རྫོགས་པར་བྱེད་པའི་ཕྱག་རྒྱའོ། །​ཕྱག་རྒྱ་འདི་ཉིད་ལས་མཐེའུ་ཆུང་དང་མཐེ་བོ་ནང་དུ་བཀུག་སྟེ་བཟུང་བ་ནི་དུར་ཁྲོད་ཀྱི་བདག་པོའི་ཕྱག་རྒྱའོ། །མཐེའུ་ཆུང་གཉིས་རབ་ཏུ་བརྐྱང་སྟེ་བཟུང་བ་ནི་རིགས་ཀྱི་དབང་ཕྱུག་གི་ཕྱག་རྒྱའོ། །​ཐལ་མོ་སྦྱར་ཏེ་མཛུབ་མོ་གཉིས་བཀུག་པ་ནི་ཕོ་ཉ་མཆོག་གི་ཕྱག་རྒྱའོ། །​འབྱུང་པོ་འདུལ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། འབྱུང་པོའི་རྒྱལ་པོ་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱའི་མཚན་ཉིད་རྫོགས་སོ།​། །​།དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །​རྡོ་རྗེ་སློབ་དཔོན་ལ་ཕན་པའི་དོན་དུ་བསྙེན་བཀུར་མའི་སྒྲུབ་པའི་ཐབས་དཔལ་ཆེན་པོ་ཞེས་བྱ་བའི་འབྱུང་མོ་རྡོ་རྗེ་སློབ་དཔོན་གྱིས་བསྒྲུབ་པར་བྱ་སྟེ། འབྱུང་མོ་རྣམས་ཀྱིས་ནི་ཡིད་ལ་དགའ་བ་སྐྱེད་ཅིང་ཕན་ཚུན་ཚིམ་པར་བྱེད་པའོ། །​དེ་ནས་འབྱུང་པོ་འདུལ་བའི་རྒྱུད་ཆེན་པོ་ལས་འབྱུང་མོ་དཔལ་ཆེན་མོའི་སྒྲུབ་པའི་ཐབས་ཀྱི་ཆོ་ག་རྒྱས་པར་བཤད་པ། དཔལ་ཁྲོ་བོའི་བདག་པོ་བཅོམ་ལྡན་འདས་ཀྱི་མདུན་དུ་འབུམ་བཟླས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །​དེ་ནས་ཟླ་བ་ཉ་ལ་ཅི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ། གུ་གུལ་གྱི་བདུག་པ་སྦྱིན་ཞིང་མཚན་ཐོག་ཐག་བཟླས་སོ། །​དེ་ནས་ཐོ་རངས་ངེས་པར་འོང་ངོ་། །​འོངས་པ་ལ་ཙནྡན་གྱི་མཆོད་ཡོན་སྦྱིན་ཞིང་ལེགས་པར་འོངས་སོ་ཞེས་བརྗོད་ན་ཀྱེ་སྒྲུབ་པ་པོ་ཅི་བཀའ་སྩལ་ཅེས་སྨྲའོ། །​སྒྲུབ་པ་པོས་བདག་གི་ཆུང་མ་གྱིས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747.html?part=UT22084-095-002-2102#UT22084-095-002-2102