Degé Kangyur volume 90, F.127.a
གློག་དང་སྐར་མདའ་དང་། རྡོ་རྗེའི་ལྕེ་འབེབས་པ་དང་། ཉ་མིད་དེ་དག་གིས་ཀྱང་གྲུ་བོ་ཆེ་བཟུང་བར་མཐོང་ནས་ཀུ་ཅོའི་སྒྲ་ཆེན་པོ་བཏོན་ཏེ། དེ་དག་ལྷ་ཁྱད་པར་ཅན་རྣམས་ལ་གསོལ་བ་བཏབ་ཀྱང་འགའ་ཙམ་ཡང་དེ་དག་གི་དཔུང་གཉེན་དུ་མ་གྱུར་ཏོ། །དེ་ནས་དེ་དག་ཚོང་དཔོན་སེམས་རབ་ཏུ་བརྟན་པའི་གན་དུ་སོང་ནས། དེ་དག་གིས་སྙིང་རྗེ་རྗེ་སྐད་དུ་ཚིག་འདི་སྐད་སྨྲས་སོ། །སེམས་ཅན་ཆེན་པོ་ཁྱོད་ཀྱིས་བདག་ཅག་བསྐྱབ་ཅིང་འཇིགས་པ་ཆེན་པོ་ལས་ཐར་བར་མཛད་དུ་གསོལ། དེ་ནས་དེད་དཔོན་ཆེན་པོ་སེམས་བརྟན་པ་བློ་གྲོས་ཆེན་པོ་དེས་ཚོང་པ་འཁྲུགས་པར་གྱུར་པ་རྣམས་ལ་ཚིག་འདི་སྐད་སྨྲས་སོ། །མ་འཇིགས་མ་འཇིགས་ཚོང་པ་རྣམས། །ཁྱེད་ཅག་བརྟན་པར་དེངས་ཤིག་དང་། །ཁྱེད་རྣམས་སྡུག་བསྔལ་ཆེན་པོ་ཡི། །རྒྱ་མཚོ་ཆེ་ལས་ངས་བསྒྲལ་ལོ། །དེ་ནས་ཡིད་ནི་བརྟན་གྱུར་ནས། །ཚོང་པ་རྣམས་ཀྱིས་ཚིག་འདི་སྨྲས། །སེམས་ཅན་ཆེན་པོ་འདི་ཅི་ལགས། །བགེགས་བྲལ་མྱུར་དུ་བཀའ་སྩོལ་ཅིག །བློ་གྲོས་ཆེན་པོ་ཁྱོད་ཀྱི་མཐུས། །བདག་ཅག་ཇི་སྲིད་འཚོ་བའི་ཚེ། །ཡེ་ཤེས་ཆེ་བའི་བདག་ཉིད་གསུངས། །སླད་ན་ཁྱོད་ཀྱིས་ཅི་ཞིག་བགྱི། །དེ་ནས་འགྲོན་མང་བདག་པོ་ཡིས། །དེ་དག་ལ་ནི་ཚིག་འདི་བརྗོད། །ང་ལ་སོ་སོར་འབྲང་བ་ཡི། །རིག་པ་ཆེན་པོར་གྲགས་པ་ཡོད། །གནོད་བྱེད་ཐམས་ཅད་སེལ་བར་བྱེད། །སྟོབས་ཆེན་ཕ་རོལ་གནོན་བྱེད་པ། །དེས་ནི་རབ་ཏུ་སྡུག་བསྔལ་བའི། །འཇིགས་པ་ཆེ་ལས་ངས་བསྒྲལ་ལོ། །དེ་ནས་དེད་དཔོན་ཆེན་པོ་དེའི་ཚེ་རིག་པའི་རྒྱལ་མོ་ཆེན་མོ་འདི་བྲིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པ་དང་། རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་མ་ཐག་ཏུ་ཉ་མིད་དེ་དག་ཐམས་ཅད་ཀྱིས་གྲུ་བོ་ཆེ་དེ་མེ་ལྕེ་གཅིག་ཏུ་གྱུར་པ་མཐོང་ངོ་། །དེ་ནས་ཀླུ་དེ་དག་བྱམས་པའི་ཡིད་ཀྱིས་དེ་དག་གི་དྲུང་དུ་ལྷགས་ནས་མཆོད་པ་བྱ་བར་བཤམས་སོ། །ཉ་མིད་དེ་དག་ཀྱང་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདི་ཉིད་ཀྱི་མཐུས་ཚིག་ནས་བྱེར་ཏེ་ཞི་བར་གྱུར་ཏོ། །འགྲོན་པོ་ཕལ་པོ་ཆེ་དེ་དག་ཀྱང་ཀླུ་ཆེན་པོ་དེ་དག་གིས་རིན་པོ་ཆེའི་གླིང་ཆེན་པོར་ཕྱིན་པར་བྱས་སོ།
PreviousNext The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh561.html?part=UT22084-090-005-676#UT22084-090-005-676