Degé Kangyur volume 90, F.127.b

གླིང་ཆེན་པོར་ཕྱིན་པར་བྱས་སོ། །​དེ་ལྟར་ན་ཡེ་ཤེས་དང་ལྡན་པ་རིག་པ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་སྟེ། བྲམ་ཟེ་ཆེན་པོ་རྒྱུ་དེས་ན་འདི་རིག་པ་ཆེན་མོ་ཞེས་གྲགས་སོ། །​འདི་ནི་ངེས་པར་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་བཅང་བར་བྱའོ། །​རླུང་དང་། གྲང་བ་དང་། དུས་མ་ཡིན་པའི་སྤྲིན་དང་། གློག་དང་། ལྕེ་འབབ་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་དོ། །​ལྷ་དང་། མི་དང་། ལྷ་མ་ཡིན་གྱི་འཐབ་པ་དང་། རྩོད་པ་ལས་ཡོངས་སུ་ཐར་བར་བྱེད་དོ། །​སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་དང་། བྱི་བ་དང་། སྲོག་ཆགས་ཀྱི་རིགས་གཟུགས་རྣམ་པ་སྣ་ཚོགས་ལོ་ཏོག་མ་རུང་བར་བྱེད་པ་ཐམས་ཅད་མཐུ་མེད་ཅིང་རབ་ཏུ་ཞི་བར་འགྱུར་རོ། །​རི་དགས་དང་། བྱ་དང་། གཅན་གཟན་གནོད་པར་སེམས་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །​མེ་ཏོག་དང་། འབྲས་བུ་དང་། ལོ་མ་དང་། ནགས་ཚལ་དང་། སྨན་དང་། ལོ་ཏོག་ལ་སོགས་པ་ཐམས་ཅད་འཕེལ་བར་འགྱུར་ཏེ། རབ་ཏུ་བྲོ་ཞིང་ཞིམ་པ་དང་འཇམ་པར་འགྱུར་རོ། །​ལེགས་པར་ཡོངས་སུ་སྨིན་པར་འགྱུར་རོ། །​ཧ་ཅང་ཆར་ཆེ་བ་དང་། ཆར་དཀོན་པའི་ཉེས་པ་རྣམས་ཡོངས་སུ་མི་འབྱུང་ངོ་། །ཆར་དུས་སུ་འབབ་ཅིང་། དུས་མ་ཡིན་པར་མི་འབབ་པར་འགྱུར་རོ། །​ཡུལ་དེའི་ཀླུ་ཆེན་པོ་གང་ཡིན་པ་དེ་དག་ཀྱང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་འབེབས་སོ། །​ཡུལ་གང་ན་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་ཞེས་བྱ་བ་འདི་སྤྱོད་པའི་ཡུལ་དེར་སེམས་ཅན་དེ་དག་གིས་ཤེས་པར་བྱ་སྟེ། སྤོས་སྣ་ཚོགས་དང་། བདུག་པ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་ཀྱིས་མཆོད་ཅིང་བསྟི་སྟང་བྱས་ལ། ཚོན་སྣ་ཚོགས་ཀྱིས་དཀྲིས་ཏེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་གླུ་དབྱངས་དང་། རོལ་མོ་སིལ་སྙན་བྱས་ཏེ། བསྐོར་བ་བྱས་ནས་ལྷ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པས་སེམས་ཅན་ཆེན་པོ་དེ་དག་གི་བསམ་པ་ཇི་ལྟ་བ་བཞིན་དུ། རེ་བ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །​ཆོ་ག་ཅི་ལྟ་བ་བཞིན་དུ་དེ་ལྟ་དེ་ལྟ་བུར་འགྲུབ་སྟེ། བུ་ཕོ་འདོད་ནའང་ཁྱེའུར་འགྲུབ། །​མངལ་ན་འཛིན་པ་དམ་པར་འགྱུར། །​མངལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh561.html?part=UT22084-090-005-677#UT22084-090-005-677