Degé Kangyur volume 90, F.126.b

རྒྱལ་པོའི་ཕོ་བྲང་ཉེ་བ་ན། །​སྒང་བུ་དེ་ཡི་ཁོར་ཡུག་ན། །​འབར་བ་གཅིག་གིས་གང་བར་མཐོང་། །​མི་རོ་ཞིག་གི་མགུལ་པ་ན། སོ་སོར་འབྲང་བ་བཏགས་པའང་མཐོང་། །​ལྷ་དང་ཀླུ་དང་དྲི་ཟ་དང་། །​གནོད་སྦྱིན་སྲིན་པོ་མི་འམ་ཅིས། །​ཀུན་ནས་འཁོར་བར་བསྐོར་ནས་ནི། །​བླ་ན་མེད་པའི་མཆོད་པ་བྱེད། །​དེ་ལ་གནོད་སྦྱིན་དེ་དག་གིས། །​སོ་སོར་འབྲང་བའི་སྒང་ཞེས་བཏགས། །​དེ་ནས་གནོད་སྦྱིན་དེ་དག་གིས་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ངེས་པ་དེ་རྟོགས་ཏེ་སླར་ལོག་ནས་ལྷ་ཁྱོད་ཀྱིས་བཀའ་སྩལ་པ་བཞིན་ནོ་ཞེས་རྒྱས་པར་བརྗོད་དོ། །​དེ་སྐད་ཅེས་སྨྲས་མ་ཐག་ཏུ་ཚིག་དེ་སྨྲས་པའི་ཐ་མ་ལ་སེམས་ཅན་ཆེན་པོ་དེ་སེམས་ཅན་དམྱལ་བའི་ལུས་དེ་བོར་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །​རྒྱུ་དེས་ན་སྔོན་སོ་སོར་འབྲང་བའི་ལྷའི་བུ་ཞེས་བྱའོ། །​བྲམ་ཟེ་ཆེན་པོ་དེས་ན་སྔོན་ཆད་ཡོངས་སུ་ཤེས་སོ། །​དེའི་ཕྱིར་སོ་སོར་འབྲང་བ་ཆེན་མོ་འདི་གདོན་མི་ཟ་བར་གཟུང་བར་བྱའོ། །​ཡི་གེར་བྲི་བར་བྱ། བཀླག་པར་བྱའོ། །​ཆོ་ག་བཞིན་དུ་རྟག་ཏུ་ལུས་ལ་བཏགས་ནས་བཅང་བར་བྱ་སྟེ། དེ་རྟག་ཏུ་སྡུག་བསྔལ་ཞིང་ཉམ་ཐག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། ངན་འགྲོའི་འཇིགས་སྐྲག་པ་ཐམས་ཅད་ལས་རྒལ་བར་འགྱུར་རོ། །​གློག་གིས་འགྱེལ་བར་བྱེད་མི་ནུས་སོ། །​གློག་གིས་ཅི་ལྟར་མི་ནུས་ཞེ་ན། བྲམ་ཟེ་ཆེན་པོ་སྔོན་ཡོངས་སུ་ཤེས་ཏེ། གྲོང་ཁྱེར་ཆེན་པོའི་མཆོག་ཤིང་ཀུན་རྫི་བ་ན། ཚོང་དཔོན་ཆེན་པོ་དྲི་མེད་དུང་ཞེས་བྱ་བ་ནོར་མང་བ། གསེར་ཤིན་ཏུ་འབྱོར་པ། མཛོད་དང་། བང་བ་ཀུན་ཏུ་གང་ཞིང་ཕུན་སུམ་ཚོགས་པ་ཞིག་གནས་ཏེ། དེད་དཔོན་ཞེས་བྱ་བར་གྲགས་སོ། །​དེ་ནས་དེད་དཔོན་ཆེན་པོ་དེས་གྲུ་བོ་ཆེ་དེ་རྙེད་ནས། རྒྱ་མཚོ་ཆེན་པོར་ཞུགས་པ་དང་། ཉ་མིད་རྣམས་ཀྱིས་དེའི་གྲུ་དེ་བཟུང་ནས། རྣམ་པར་གཞིག་པར་འདོད་པའི་ཀླུ་རྣམས་ཀྱང་འཁྲུགས་ཏེ། འབྲུག་སྒྲ་ཆེན་པོ་སྒྲོག་གོ། །​གློག་དང་སྐར་མདའ་ཡང་གཏོང་ངོ་། །​རྡོ་རྗེའི་ལྕེ་འབེབས་པར་ཡང་བཤམས་སོ། །​དེ་ནས་ཚོང་པ་དེ་དག་སྡུག་བསྔལ་ཆེན་པོས་སེམས་ནོན་ཏོ། །​ཀླུ་འཁྲུགས་པ་ཆེན་པོ་དེ་དང་། གློག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh561.html?part=UT22084-090-005-675#UT22084-090-005-675