།རིམ་གྱིས་རིམ་གྱིས་རིགས་དག་ནི། །བྲམ་ཟེ་རྗེའུ་རིགས་དག་ཏུ་འཇུག །ཕལ་ཆེར་ཆོས་མིན་ལས་བྱེད་ཅིང་། །རྣམ་སྡང་བུད་མེད་ལ་བརྐམ་ཆགས། །ས་སྲུང་སྐྱོན་ནི་རབ་མང་བར། །དེ་ཚེ་དུས་ཀྱི་ཐ་མ་ལ། །ཡུལ་གྱི་དབུས་སུ་མི་ཡི་བདག །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །དུས་ཀྱི་ཐ་མར་འདི་དག་ཚེ། །ལོ་ནི་བརྒྱ་དང་ཉི་ཤུ་ཉིད། །དེ་ཡི་ཚེ་ན་མི་རྣམས་ཀྱི། །ཚེ་ནི་རིང་བར་རབ་ཏུ་བསྟན། །དེ་དག་བར་མ་བཟང་པོ་ལས། །ཁྱད་པར་རིང་དང་ཐུང་བ་ཡིན། །རྒྱལ་པོ་རྣམས་ནི་ཚེ་ཐུང་བར། །དེ་ཚེ་དུས་སུ་བསྟན་པ་ནི། །གང་གཱའི་འགྲམ་གྱི་ངོགས་དང་ནི། །གངས་ཅན་གྱི་ནི་རི་ཞོལ་དང་། །དེ་ཚེ་ཀཱ་མ་རཱུ་ཡུལ་དུ། །དེ་འདྲའི་རྒྱལ་པོ་འབྱུང་བར་འགྱུར། །དང་པོ་བར་མ་ཐ་མ་ཡི། །རིགས་ཀྱི་ལྷག་མ་བརྗོད་བྱ་སྟེ། །དང་པོའི་གཙོ་བོ་ཆེན་པོ་ནི། །རྣ་ཅན་རྒྱལ་པོར་རབ་ཏུ་བསྒྲགས། །ཐ་མ་ཨང་གའི་བདག་པོ་དང་། །དེར་ནི་འབྱོར་བཟད་འབྱོར་པ་དང་། །ལེགས་བྱིན་སྲིད་པ་བྱིན་པ་ནི། །ཀཱ་མ་རཱུ་པའི་ཡུལ་དུ་བྱུང་། །ཐ་མར་ལེགས་འབྱོར་གཞོན་ནུ་དང་། །ཡི་གེ་བ་དང་ཐ་གཉིས་ནི། །ཡངས་པ་ཅན་དུ་ཡང་དག་བྱུང་། །གང་དུ་ཐུབ་པ་དེ་སྐྱེས་པ། །སེར་སྐྱ་ཞེས་བྱའི་གྲོང་མཆོག་ཏུ། །ཐ་མར་ཟས་གཙང་ཤཱག་རིགས་ཀྱི། །ཉི་མ་བུ་རམ་རིགས་སྐྱེས་པ། །ཐ་མར་ཟས་གཙང་རྣམ་བསྒྲགས་པ། །ཤཱཀྱ་ཤཱཀྱའི་རྣམ་འཕེལ་བྱེད། །སེམས་ཅན་བརྩོན་འགྲུས་ཆུང་བར་ནི། །འཇིག་རྟེན་སྐྱེས་མཆོག་བསྟན་པ་ཡིན། །གང་ཞིག་རྒྱལ་བས་གསུང་སྔགས་དང་། །དེ་བཞིན་བྲན་པོའི་ཚོགས་ཀུན་དང་། །ཕོ་ཉའི་ཚོགས་ཀུན་དུ་མ་དང་། །རྡོ་རྗེ་པདྨའི་རིགས་དག་ཀྱང་། །རྒྱུད་རྣམས་ཀུན་གྱི་དོན་རིག་པས། །བསྒྲུབས་ན་འགྲུབ་པར་འགྱུར་བ་ཡིན། །འཇིག་རྟེན་ཀུན་གྱི་སྔགས་དག་ནི། །ཡུལ་གྱི་དབུས་དེར་གྲུབ་པར་འགྱུར། །དབུས་ཡུལ་གནས་པར་ཁྱད་པར་དུ། །རྒྱལ་བས་གསུངས་པ་བསྒྲུབ་པར་བྱ། །རྣམ་པ་སྣ་ཚོགས་རྟགས་དང་ནི། །རྣམ་པ་སྣ་ཚོགས་རྒྱུད་དག་དང་། །རྣམ་པ་སྣ་ཚོགས་སྦྱོར་བར་ལྡན། །ལུས་ཅན་རྣམ་པ་སྣ་ཚོགས་འགྲུབ། །དབུས་ཀྱི་ཡུལ་དུ་དེ་བཞིན་སྔགས། །ལོངས་སྤྱོད་འཕེལ་བ་བསྒྲུབ་པར་བྱ། །དེ་བཞིན་ལུས་ཅན་བསྲུང་དོན་དང་། །སྐྱོབ་དང་དབང་དང་དགུག་པ་འགྲུབ། །དབུས་ཀྱི་ཡུལ་དུ་མི་ཡི་བདག །འདས་དང་མ་འོངས་རབ་ཏུ་གསུངས།