།འཇིག་རྟེན་རྣམ་གསུམ་འགྱུར་བ་ནི། །སངས་རྒྱས་བསེ་རུ་དགྲ་བཅོམ་ཐོབ། །ཐེག་པ་རྣམ་གསུམ་འཇིག་རྟེན་གསུམ། །རྣམ་གསུམ་ཡང་དག་བསྟན་པ་ཡིན། །ཐེག་ཆེན་ལ་འཇུག་ལམ་གྱིས་ནི། །དེ་ལ་བརྟེན་ནས་ངེས་པར་འབྱུང་། །རང་རྒྱལ་བྱང་ཆུབ་ལ་བརྟེན་པ། །དེ་བཞིན་འཇིག་རྟེན་འགྱུར་བ་ཡིན། །དེ་ལས་གཞན་པ་ཉན་ཐོས་ཀྱང་། །རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །དེ་བཞིན་འཇིག་རྟེན་འགྱུར་བ་ཡིན། །རྣམ་གསུམ་རིགས་ཀྱིས་རྣམ་པར་བརྒྱན། །ས་བདག་ལོངས་སྤྱོད་ཆེན་པོ་དང་། །བདེ་ཆེན་དོན་དུ་འཁོར་ལོས་སྒྱུར། །ལྷ་དང་མི་ཡི་ཕུན་སུམ་ཚོགས། །ཡུན་རིང་དེ་ཚེ་རྗེས་མྱོང་ནས། །མཐར་ནི་འཆི་བ་ལ་བརྟེན་ནས། །དེ་དག་ཞི་བ་རྣམ་གསུམ་འགྲོ། །དང་པོར་སྔར་ནི་སངས་རྒྱས་དང་། །ད་ལྟར་མ་འོངས་པ་དག་ཀྱང་། །ཐམས་ཅད་ལ་ནི་འདི་ཉིད་དེ། །འདི་ནི་ཡང་དག་ཇི་བཞིན་བསྟན། །མྱ་ངན་འདས་པའི་ས་དེ་ལ། །ལྷ་རྣམས་ཐམས་ཅད་འདུག་ནས་ནི། །ཡིད་བྱུང་སེམས་ནི་སྐྱོ་ནས་ཀྱང་། །སྐད་འཛེར་བཅས་པས་སྨྲ་བ་ནི། །དེ་ཚེ་ཐམས་ཅད་འདི་སྐད་སྨྲ། །ཀྱེ་མའོ་ཀྱི་ཧུད་མི་རྟག་པ། །འཇིག་རྟེན་སངས་རྒྱས་རྫུ་འཕྲུལ་ཆེ། །དེ་འདིར་ཡོངས་སུ་མྱ་ངན་འདས། །ལྷ་ཡི་རྒྱལ་པོ་རྫུ་འཕྲུལ་ཆེ། །དེ་དག་ཀུན་གྱིས་དེ་སྨྲས་ནས། །སྙིང་ནི་མྱ་ངན་བཅས་གྱུར་ནས། །དེ་ནས་ཅང་མི་སྨྲ་བར་གནས། །མ་ག་དྷཱ་ཡི་སྐྱེ་བོ་མཆོག །ཀུ་ཤའི་མཆོག་གི་གྲོང་གནས་པ། །དེ་དང་ཉེ་བའི་རི་བོ་ནི། །ཕག་རྒོད་ཅེས་བྱའི་མིང་དུ་གྲགས། །དགེ་སློང་བསམ་གཏན་དེར་བྱེད་པ། །པི་པ་ལི་ཡི་ཕུག་ཞུགས་པ། །འདི་ནི་ཉན་ཐོས་ང་ཡི་བུ། །ཐུགས་སྐྱེས་ཆོས་ལས་བྱུང་བ་གང་། །དེ་ནི་འོད་སྲུང་ཆེན་པོ་ཡིན། །དེ་ཚེ་ཕུག་མཆོག་ལ་འདུག་ནས། །དེ་ནས་བསོད་སྙོམས་ལ་སྤྱད་དེ། །འདུག་ནས་རང་ཉིད་སེམས་པར་བྱེད། །དུས་རིང་བདག་གིས་སངས་རྒྱས་ལ། །བདག་གིས་ཀྱང་ནི་དེ་ཕྱག་བྱས། །རང་བྱུང་གྱུར་པ་མི་ཡི་མཆོག །བདག་གིས་ད་ལྟར་དེ་བལྟ་བྱ། །ཤཱཀྱའི་རིགས་སྐྱེས་ཐུབ་པ་མཆོག །བཅོམ་ལྡན་དེ་ནི་ག་ལ་བཞུགས། །བྲམ་ཟེའི་རྒྱལ་པོ་འོད་སྲུང་ཆེ། །དེར་ནི་ཡང་དག་དགོངས་པར་གྱུར། །