།རྫུ་འཕྲུལ་ཆེན་པོ་འདོད་ཆགས་བྲལ། །བདག་ཉིད་ཆེན་པོ་སངས་རྒྱས་ནི། །ལྷ་ཡི་ལྷ་ཡི་གཉེན་གྱུར་པ། །དགེ་སློང་མ་འགགས་པ་ཞེས་བྱ། །དེ་གཅུང་མི་ཡི་ནང་ན་དགེ། །ཤིན་ཏུ་ཕྲ་ལ་མཁས་ཤིང་གསལ། །ཆགས་བྲལ་ལུགས་ལ་མཁས་པ་དང་། །དགྲ་བཅོམ་གཙོ་བོ་རྒྱལ་པོ་ནི། །དུ་མའི་འཁོར་གྱིས་ཡོངས་སུ་བསྐོར། །མྱ་ངན་གྱིས་བསྐྱེད་དབུགས་ཕྱུང་ནས། །ཤིན་ཏུ་ཡུན་རིང་ཚིག་ཀྱང་སྨྲས། །སྙིང་རྗེ་ཡིད་མི་བདེས་དྲངས་པས། །རྒྱལ་པོ་དང་བཅས་གྱད་རྣམས་ལ། །གྲོགས་པོ་རེ་ཞིག་ཤིང་ལ་ནི། །མེ་ནི་འཇུག་པར་མ་བྱེད་ཅིག །ཇི་སྲིད་བཅོམ་ལྡན་སྲས་པོ་ནི། །མཆོག་གྱུར་ཆོས་ཉིད་ལས་བྱུང་བ། །དེ་ནི་ཉན་ཐོས་རྫུ་འཕྲུལ་ཆེ། །འོད་སྲུང་ཆེན་པོ་ཞེས་བྱ་བ། །ཐུབ་པ་ཆེན་པོ་བློ་ཡི་མཆོག །བྲམ་ཟེའི་རིགས་སྐྱེས་ཟང་ཟིང་མེད། །མ་ག་དྷཱ་ཡི་མི་ནང་སྐྱེས། །རི་བོ་དེར་ནི་མཉམ་པར་བཞག །གྲོང་ཁྱེར་རྒྱལ་པོའི་ཁབ་མཆོག་ཏུ། །པི་བ་ལ་ཡི་ཁྱིམ་དུ་གནས། །དེ་ནི་མྱུར་དུ་འདིར་འོང་བར། །བྱེད་ཀྱི་གཞན་དུ་མ་ཡིན་ནོ། །ལྷ་ནི་གང་ཞིག་དེར་དང་བ། །སྐུ་ལ་མེ་འབར་ངེས་བཟློག་པས། །དེ་བར་སྐུ་ལ་མེ་གཏོང་བ། །ངལ་བ་དོན་མེད་མ་བྱེད་ཅིག །ཇི་སྲིད་རྫུ་འཕྲུལ་ཆེ་བའི་མཆོག །ཉན་ཐོས་ཐུབ་པ་ཐུགས་དགྱེས་དེས། །འཇིག་རྟེན་གསུམ་མཆོད་སངས་རྒྱས་དང་། །སྟོན་པ་འཇིག་རྟེན་གྱིས་མཆོད་ལ། །ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། །བླ་མ་གཡས་སུ་བསྐོར་བྱས་པ། །དེ་ཚེ་སྐུ་འདི་སྦར་དོན་དུ། །དེར་ནི་ཀུན་གྱིས་རབ་བྱོས་ཤིག །གང་ཚེ་སྔར་ནི་སྦར་གྱུར་ན། །ཀུན་ཏུ་འབར་བའང་དོན་མེད་འགྱུར། །ཐམས་ཅད་དོན་མེད་མ་བྱེད་ཅིག །འདིར་ནི་ངལ་བ་ཁོ་ན་འབྱུང་། །བློ་དང་ལྡན་པ་མ་འགགས་པས། །ཀུན་ལ་དེ་སྐད་སྨྲས་ནས་ནི། །མི་དང་མི་ཡི་བདག་པོ་དང་། །གྱད་རྣམས་ཀུན་ཀྱང་འདུག་པར་གྱུར། །མི་ཡི་རིགས་སུ་ང་སྐྱེས་ཤིང་། །མི་རྣམས་ཀྱིས་ཀྱང་རབ་ཏུ་སྐྱེད། །ལོངས་སྤྱོད་རྣམ་མང་གཞན་དང་ནི། །བཟོ་དང་སྒྱུ་རྩལ་དགེ་བའང་བསྐྱེད། །ས་སྟེང་ཤིང་གི་རྩ་དག་ཏུ། །མི་ཡི་གཟུགས་ཀྱིས་བྱང་ཆུབ་ཐོབ།