།སྡིག་པ་ཅུང་ཟད་གང་བྱས་པ། །འདིར་ནི་རས་རིས་མཐོང་ཙམ་གྱིས། །དེ་ཡི་མོད་ལ་རྣམ་པར་འཇིག །འགྲོ་བ་ལྔར་ནི་འཁོར་བ་ན། །སེམས་ཅན་རྨོངས་པས་མི་ཤེས་ཏེ། །འཇམ་པའི་དབྱངས་ཀྱི་རས་རིས་ནི། །འབྲིང་པོ་མཐོང་བར་མི་བྱེད་པའོ། །མཚམས་མེད་ལྔ་པོ་བྱེད་པ་དང་། །སྡིག་པའི་རྙོག་པ་བྱེད་གྱུར་པ། །སྔགས་རྣམས་སྣ་ཚོགས་གསུངས་གྱུར་པས། །ཚུལ་ཁྲིམས་ཉམས་པའང་འགྲུབ་པར་འགྱུར། །མྱུར་དུ་རྟོགས་པའང་འགྲུབ་པ་ནི། །བཟླས་པས་ཐོབ་པར་བྱེད་པ་ཡིན། །རས་རིས་འབྲིང་པོ་མཐོང་བས་ནི། །ནད་པ་དག་ཀྱང་ནད་ལས་ཐར། །དབུལ་པོ་དག་ཀྱང་ནོར་ཐོབ་བྱེད། །བུད་མེད་རྣམས་ཀྱང་བུ་འཐོབ་འགྱུར། །དེ་ཚེ་མཐོང་བ་ཙམ་གྱིས་ནི། །བསོད་ནམས་རྒྱ་ཆེན་ཐོབ་པར་འགྱུར། །ངེས་པར་ལྷ་དང་མི་རྣམས་ཀྱི། །བདེ་བ་མི་ཡིས་བསྟེན་པར་འགྱུར། །སྐྱེ་བ་གཞན་དུ་ངེས་པར་ནི། །སངས་རྒྱས་ཉིད་ནི་ངེས་ཐོབ་འགྱུར། །ཀློག་དང་འདྲི་བ་ཉིད་དང་ནི། །དེ་བཞིན་མཆོད་དང་ཕྱག་འཚལ་དང་། །མཐོང་དང་རེག་པ་ཙམ་གྱིས་ནི། །སྡིག་པའི་རྙོག་པ་ཀུན་ལས་གྲོལ། །རས་རིས་འདི་ནི་མཐུ་ཆེན་ལ། །དོན་དུ་གཉེར་དང་བསྐུལ་བས་ནི། །མྱུར་དུ་སྐྱེ་བ་དོན་ཡོད་འཐོབ། །རྗེས་སུ་ཡི་རང་དེ་བཞིན་ནོ། །རས་རིས་མཐོང་བའི་སྐྱེ་བོ་ཡི། །བསོད་ནམས་ཐོབ་པ་དོན་ཡོད་པ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །བརྗོད་པར་ཡང་ནི་མི་ནུས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་རྒྱ་ཆེ་བའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ལེའུ་ལྔ་པའི་ཆོ་ག་རབ་འབྱམ་ལས་རས་རིས་གཉིས་པའི་ཆོ་ག་རྫོགས་སོ།། །།དེ་ནས་གཞན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་གཞན་ཡང་ཁྱོད་ཀྱིས་རས་རིས་གསུམ་པའི་ཆོ་ག་རབ་ཏུ་གསུངས་པ་ཞེས་བྱ་བ་ཡོད་དེ། གང་སེམས་ཅན་རྣམས་ལ་འབད་པ་མེད་པར་འགྲུབ་པར་འགྱུར་བ་སྔར་བསྟན་པའི་བཟོ་བོ་དང་། ཆོ་ག་དང་བདེ་བར་གཤེགས་པའི་མཐོ་གང་ཙམ་ཐད་ཀར་དེ་བཞིན་དུ་ཀུན་ནས་ཟུར་བཞི་སྔ་མ་བཞིན་དུ་རས་ལ་རི་མོ་བྱའོ། །སྔར་བསྟན་པའི་ཚོན་གྱིས་དང་པོར་རེ་ཞིག་འཕགས་པ་འཇམ་དཔལ་སེང་གེའི་ཁྲི་ལ་བཞུགས་པ་སྔ་མ་བཞིན་དུ་བྱིས་པ་ཁྱེའུའི་གཟུགས་མཛེས་པའི་གཟུགས་ཅན་འོད་ཟེར་འཕྲོ་བ་དང་ལྡན་པ་ཆོས་འཆད་པ་བྲི་བར་བྱའོ།