།བདག་ནི་དེ་ཚེ་བྱིས་པར་གྱུར། །འཇིག་རྟེན་ཇི་སྙེད་ཡོད་པ་ཡི། །ཁྱབ་འཇུག་གིས་བྱས་གཟོ་སྤྱད་དང་། །ལུགས་ཀྱི་བསྟན་བཅོས་སྔོན་གྱི་རབས། །དེ་བཞིན་རིག་བྱེད་བརྡ་སྤྲོད་པ། །སྡེབ་སྦྱོར་སྐར་མའི་དཔྱད་ཉིད་དང་། །རྩིས་དང་སྒྱུ་རྩལ་འདོད་པ་དང་། །ལོག་ཤེས་དེ་བཞིན་ཤེས་པ་དང་། །དེ་བཞིན་ལོག་པར་སྤྱོད་ཉིད་དང་། །འཇིག་རྟེན་བསྟན་བཅོས་ཐམས་ཅད་ནི། །ཡུན་རིང་བདག་གིས་སྔོན་བསྟན་ཏོ། །ཞི་བ་ཐུབ་བདག་ཇི་ལྟ་བར། །ཡེ་ཤེས་བདག་གིས་ཐོབ་མ་ཡིན། །བྱང་ཆུབ་རྒྱུ་ནི་གྲོལ་དོན་དང་། །དེ་བཞིན་དུ་ནི་ཐར་པའི་ཕྱིར། །འཁོར་བའི་བཙོན་རར་རབ་བཅིངས་པས། །ལས་རྣམས་ལས་ཀྱང་བདག་མ་གྲོལ། །ཞི་བ་རྣམ་རྒྱལ་སངས་རྒྱས་ཉིད། །མ་ཉམས་གོ་འཕང་མྱ་ངན་འདས། །ཡུན་རིང་དོན་དུ་མངོན་འདོད་ཅིང་། །ལེགས་པར་ཡོངས་སུ་བཙལ་བས་ཐོབ། །དེ་ལྟར་བདག་གིས་རིག་ལྡན་པས། །ཚེགས་ཆུང་བྱ་བས་ཐོབ་པ་ཡིན། །རྒྱལ་བས་སྔོན་ནི་བསྟན་པས་ན། །རང་བྱུང་ཡེ་ཤེས་ཐོབ་པ་ཡིན། །དེ་འདྲའི་གནས་ནི་རབ་མཐོང་བ། །ཕྱི་རོལ་ལམ་གྱིས་ཐོབ་མ་ཡིན། །བྱང་ཆུབ་རྒྱུ་ནི་རྙེད་དཀའ་བས། །འཁོར་བའི་དགོན་པར་འཁྱམས་པ་ཡིན། །བདག་གི་རང་བྱུང་འདི་འདྲ་བ། །ཡེ་ཤེས་བདག་གིས་ཐོབ་པ་མིན། །རིག་པ་བཟང་པོའི་ལས་དགའ་བས། །ད་ནི་མྱ་ངན་འདས་པ་ཐོབ། །བདག་གིས་བསྟན་བཅོས་འདི་དག་ནི། །བསྡུས་པ་འབའ་ཞིག་བྱས་པ་ཡིན། །ལས་ལས་གྲོལ་བ་མེད་པར་ནི། །གྲུབ་པའི་རྒྱུ་ནི་རྙེད་མ་ཡིན། །འཁོར་བའི་ཡུན་རིང་ཞགས་པ་འདིས། །ལས་ཀྱི་འཆིང་བས་ངེས་པར་བཅིངས། །དེ་ཡི་འགྲོ་འདི་བདག་ཉིད་ཆེ། །དགེ་དང་མི་དགེའང་སྨིན་པར་འགྱུར། །རྒྱུ་སྐར་གཟའ་དང་སྐར་མའི་དཔྱད། །མཚོན་པར་བྱེད་པ་ཁོ་ནར་ཟད། །ཆོས་དང་མི་ལྡན་མི་རྣམས་དང་། །གཞན་ལ་རྟགས་ནི་སྣང་མི་འགྱུར། །དེ་ཉིད་ཀྱིས་ན་གཟའ་གསུངས་པ། །དགེ་དང་མི་དགེའི་རྗེས་གཟུང་ཕྱིར། །འཇིག་རྟེན་སྐྱོང་བ་བཞི་དག་དང་། །ཁམས་ནི་བཞི་པོ་དག་དང་ནི། །ཆུ་དང་ས་དང་རླུང་དང་མེ། །ནམ་མཁར་ཡོངས་སུ་བསྟན་པ་ཡིན། །འབྱུང་བ་ཡང་དག་བསྡུ་བའི་ཕྱིར། །འདི་དག་འབྱུང་བ་ཆེན་པོ་ཡིན།