།བློ་དང་ལྡན་པས་རྟག་ཏུ་ཡང་། །སེམས་ཅན་མིན་པའི་གྲངས་སུ་བསྟན། །འཇིག་རྟེན་མཆོག་གི་བདག་པོ་དང་། །འོད་ཆེན་ལྡན་པས་གསུངས་པ་ཡིན། །སེམས་ཅན་མ་ཡིན་གྲངས་སུ་བསྟན། །སེམས་ཅན་གྲངས་འགྲོ་མི་མ་ཡིན། །བློ་མཆོག་སྨྲ་བ་དམ་པ་ཡིས། །མི་རྣམས་སེམས་ཅན་ཉིད་དུ་གསུངས། །མི་མ་ཡིན་དང་མི་དག་ཀྱང་། །རྟག་ཏུ་སེམས་ཅན་གྲངས་ཉིད་དོ། །སེམས་ཅན་རྣམས་ལ་དགེ་དོན་དུ། །ཐམས་ཅད་མཁྱེན་པའི་གསུང་ཡང་ཡིན། །འདས་དང་མ་བྱོན་སངས་རྒྱས་དང་། །དེ་བཞིན་ད་ལྟར་བྱུང་རྣམས་ཀྱིས། །དགེ་བའི་ལས་ཀྱི་ལས་བྱུང་ཕྱིར། །ལས་འདི་དག་ནི་ཡོངས་སུ་གསུངས། །སངས་རྒྱས་རྣམས་ཀྱི་གསུང་དག་པ། །ལས་ནི་དོན་མེད་མི་བྱེད་དེ། །དེ་ཡི་རྒྱུ་མཚན་རིགས་དང་སྤྱི། །གྲུབ་པ་ཉིད་དུ་རབ་སྣང་སྟེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། །བདེ་ཞིང་ཞི་ལ་རྟག་ཏུ་གཙང་། །མཐར་ཐུག་དག་དང་བདག་མེད་དང་། །དོན་དམ་ཐར་པ་འདོད་པ་སྟེ། །དེ་ཉིད་ཆོས་ནི་བཙལ་བྱའི་ཕྱིར། །རྒྱུད་འདི་ཡོངས་སུ་བཤད་པ་ཡིན། །རྒྱུད་དང་སྔགས་དང་སྨན་བཟང་པོ། །བཀའ་ནི་ཡང་དག་གསུངས་པ་ཡིན། །བྱུང་དང་འབྱུང་འགྱུར་ད་ལྟར་གྱི། །བསྟན་བཅོས་ཐམས་ཅད་ལེགས་བསྔགས་དང་། །འཇིག་རྟེན་མཆོག་དང་ཆོས་བདག་མེད། །རྟག་ཏུ་ཞི་དང་ཤིས་པའི་གནས། །འདི་ནི་ཐམས་ཅད་མཁྱེན་པའི་གསུང་། །དེ་ཡི་གོ་འཕང་མཆོག་གནས་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་། །མ་འདྲེས་རབ་ཏུ་བརྟགས་པ་ཡིན། །སངས་རྒྱས་རྣམས་ཀྱི་མཐུ་དང་ནི། །བྱང་ཆུབ་སེམས་དཔའ་བློ་ལྡན་དང་། །སྔགས་རྣམས་ཀུན་གྱི་ཆོ་ག་ལ། །གྲུབ་པ་ཀུན་ཏུ་བསྟན་པ་ཡིན། །དེས་ན་འདི་ཉིད་ཐུབ་དབང་གིས། །ཆོ་གའི་རྒྱལ་པོར་གསུངས་པ་ཡིན། །ལུས་ཅན་རྣམས་ནི་སྔགས་ཚུལ་གྱི། །འདི་ཉིད་ཀྱི་ནི་ལམ་གྱིས་འགྲོ། །ཞི་བ་ནད་མེད་ཕུན་སུམ་ཚོགས། །མྱ་ངན་འདས་གྲོང་ཕྱིན་པར་འགྱུར། །མྱ་ངན་མེད་དང་རྡུལ་མེད་དང་། །རྟག་ཏུ་བྱང་ཆུབ་གཞོལ་ཞིང་ཤིས། །གང་འདི་བསྟན་པ་དག་ལ་ནི། །སྔགས་ཀུན་འདོན་པར་བྱེད་པ་ན། །ཀུན་མཁྱེན་ཤེས་དང་ཤེས་བྱ་ཡི། །ལས་ཀྱི་རྒྱུད་ནི་འབྲེལ་པ་དང་། །