Degé Kangyur volume 40, F.94.b

གནས་པའི་ཚེ་གལ་ཏེ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་སེམས་ཅན་ཀུན་ལ་ཁྱབ་པར་མི་བྱེད་དམ། སེམས་ཅན་རྣམས་ལ་བདག་དང་འདྲ་བར་ཕངས་པར་མི་བྱེད་ན་ནི་དེ་ལྟ་བུའི་གོ་ཆ་དང་། ཐེག་པ་ཆེན་པོའི་ལམ་ཆེན་པོ་འདི་དག་ནི་ས་ཆེན་པོས་ཀྱང་ཐེག་པར་མི་འགྱུར་ལ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྟོན་པར་མི་འགྱུར་བ་ཞིག་ན་འདི་ལྟར་སེམས་ཅན་རྣམས་ལ་སྙིང་བརྩེ་ཞིང་ཕན་གདགས་པའི་ཕྱིར་གོ་ཆ་ཆེན་པོ་བགོས་ཏེ། ཐེག་པ་ཆེན་པོ་ལ་ཞོན་ནས་ལམ་འདི་ལ་གནས་པ་ཡིན་པས་གོ་ཆ་དང་། ཐེག་པ་ཆེན་པོའི་ལམ་ཆེན་པོ་འདི་དག་ཏུ་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་བགྲོད་པར་མི་ནུས་ལ། བྱིས་པ་སོ་སོའི་སྐྱེ་བོ་འཇིག་རྟེན་ལ་མངོན་པར་ཞེན་པ་དང་། འཇིག་རྟེན་ན་གནས་པར་མོས་པ་ཐམས་ཅད་ཀྱིས་ཀྱང་མཐོང་བར་མི་ནུས་པ་ཡིན་ནོ། །​གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་གོ་ཆ་ཆེན་པོ་བགོས་པ་ཡིན་པས་འདི་ལྟར་གོ་ཆའི་མཐུས་ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་རྣམས་བྱིན་གྱིས་བརླབས་པས་སའི་ཁམས་འདི་གཡོ་ཞིང་འཁྲུག་པ་མེད་པ་དང་། སེམས་ཅན་ཐམས་ཅད་འཇིགས་པ་མི་སྐྱེ་བ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་རྣམས་ཀྱང་དེ་དག་གི་རྗེས་སུ་ཅི་རིགས་པར་བྱ་བ་རྣམས་བྱེད་པ་ཡིན་ནོ། །​གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་པོ་སེམས་བསྐྱེད་དེ་གོ་ཆ་བགོས་ནས་དེང་གོ་ཆ་ཆེན་པོ་འདི་བགོས་ཏེ། ཐེག་པ་ཆེན་པོ་འདི་ལ་ཞོན་ནས་རྣམ་པར་དག་པའི་ལམ་གྱིས་སྐྱེ་བ་གཅིག་གིས་ཐོགས་པ་ལ་གཞོལ་ཞིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་བགྲོད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པར་གྱུར་པའི་བར་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྡོ་རྗེ་ལས་མངོན་པར་གྲུབ་པའི་སའི་དཀྱིལ་འཁོར་ཤིན་ཏུ་བརྟན་པ་འདི་གལ་ཏེ་བྱིན་གྱིས་མ་བརླབས་ན་འཁྲུག་ཅིང་གཡོ་བར་འགྱུར་ཏེ། ཤིན་ཏུ་བརྟན་པའི་རྡོ་རྗེ་ལས་མངོན་པར་གྲུབ་པ་ཡིན་ཡང་གོ་ཆ་ཆེན་པོ་དང་། ཐེག་པ་ཆེན་པོའི་ལམ་ཆེན་པོ་འདི་འདེགས་པའི་འོས་སུ་མི་འགྱུར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh51.html?part=UT22084-040-002-945#UT22084-040-002-945