Degé Kangyur volume 40, F.140.a

སེམས་དཔའ་ཆེན་པོ་རྣམས་རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། །​སེམས་ཅན་ཐམས་ཅད་ཀུན་ལ་ནི། །​ཕན་པ་ཆེན་པོ་བྱ་བའི་ཕྱིར། །​ང་ཡི་བྱང་ཆུབ་ཆོས་བཟུང་ནས། །​ཆོས་རྒྱལ་སེང་གེའི་སྒྲ་སྒྲོགས་ཤིག །​མ་འོངས་ཐ་མའི་དུས་ཀྱི་ཚེ། །​གང་ཞིག་ཆོས་ནི་ཡོངས་ཚོལ་བ། །​རྒྱ་ཆེན་ཆོས་འདི་ཐོས་གྱུར་ན། །​ཐམས་ཅད་བདེ་བ་ཐོབ་པར་འགྱུར། །​ངས་ནི་ཇི་སྐད་བསྟན་པ་བཞིན། །​གང་གིས་ཐེག་པ་འདི་མཐོང་ཞིང་། །​མདོ་སྡེའི་ཆོས་འདི་ཐོས་གྱུར་ན། །​ཇི་ལྟར་མོས་པའི་བདེ་བ་འཐོབ། །​བློ་དང་ལྡན་པ་གང་ཞིག་གིས། །​ཐབས་མཁས་དག་ནི་རབ་བསྒོམས་ཏེ། །​ཆོས་མཆོག་འདི་ནི་ཐོས་གྱུར་ན། །​ལུས་དང་སེམས་ནི་རབ་བདེར་འགྱུར། །​གང་ཞིག་འཁོར་འདིར་འདུས་གྱུར་པ། །​ང་ཡིས་མངོན་སུམ་བཤད་མཐོང་དང་། །​ཆོས་འདི་ཐོས་པར་གྱུར་ནས་ནི། །​རབ་ཏུ་དགའ་བ་གང་སྐྱེད་པ། །​མ་འོངས་ཐ་མའི་དུས་ཀྱི་ཚེ། །​ཁྱོད་ཀྱིས་བསོད་ནམས་ཚད་མེད་པའི། །​ཕུང་པོ་དག་ནི་རབ་བསྐྱེད་ཅིང་། །​འཁོར་བ་མཐའ་མེད་སྒྲོལ་བར་འགྱུར། །​མ་འོངས་ཐ་མའི་དུས་ཀྱི་ཚེ། །​ཆོས་རྗེས་རབ་ཏུ་གསུངས་པ་ཡི། །​ཆོས་འདི་གང་ཞིག་འཛིན་བྱེད་པ། །​སངས་རྒྱས་རྣམས་ཀྱིས་གཟུང་བར་འགྱུར། །​མ་འོངས་ཐ་མའི་དུས་ཀྱི་ཚེ། །​ང་ཡི་བྱང་ཆུབ་ཆོས་འཛིན་པ། །​དེ་ནི་སངས་རྒྱས་ཚད་མེད་པའི། །​ཐ་མའི་དུས་ཀྱི་ཆོས་འཛིན་འགྱུར། །​བཅོམ་ལྡན་འདས་ཀྱིས་ཆོས་འདི་བསྟན་པ་ན། །​བྱང་ཆུབ་སེམས་དཔའ་ཚད་མེད་པ་སྙེད་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་གྱུར་ཏོ། །​སེམས་ཅན་ཚད་མེད་པ་སྙེད་ནི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་གྱུར་ཏོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། གོ་ཆའི་བཀོད་པ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བདུན་པ་རྫོགས་སོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh51.html?part=UT22084-040-002-1036#UT22084-040-002-1036