།ཆོས་ཀྱི་སྣང་བ་དེ་ཐོས་ནས། །ཆོས་རྣམས་ཐམས་ཅད་མཐར་ཕྱིན་པ། །བཅོམ་ལྡན་འདས་ཀྱིས་བཀས་བཤད་གསོལ། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །ཆོས་ཀྱི་སྣང་བ་ཐོབ་གྱུར་ནས། །གོ་ཆ་ཆེན་པོ་མི་སྤོང་ཞིང་། །དེ་ཡི་དབང་གིས་གཞོལ་འགྱུར་ལགས། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །ཐེག་ཆེན་འདི་ལ་འཚལ་ནས་ནི། །བརྩོན་འགྲུས་ལྡོག་པར་མི་འགྱུར་ཞིང་། །དེ་ཡི་དབང་གིས་གཞོལ་འགྱུར་ལགས། །ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས། །བསམ་པ་དག་ནི་རབ་བརྟན་ཞིང་། །འདི་ལྟར་ཤེས་རབ་སྟོབས་དག་གིས། །ཤིན་ཏུ་འདུལ་བ་ཐོབ་འགྱུར་ལགས། །ཇི་ལྟར་ཆོས་ཀྱི་དབྱིངས་རྣམས་ཀྱི། །ཚུལ་ལ་མཁས་པས་ཐོབ་པར་འགྱུར། །ཆོས་ཀྱི་རྒྱལ་པོ་བསམ་མི་ཁྱབ། །བཅོམ་ལྡན་འདས་ཀྱིས་བཀས་བཤད་གསོལ། །ཇི་ལྟར་མྱུར་བ་ཁོ་ནར་ནི། །བྱང་ཆུབ་སྙིང་པོར་བགྲོད་གྱུར་ནས། །སུ་ཡང་སྐོར་བར་མི་འགྱུར་བ། །ཚངས་པའི་འཁོར་ལོ་སྐོར་འགྱུར་ལགས། །ཇི་ལྟར་གཡོ་བ་མ་མཆིས་པར། །སྔོན་གྱི་སྨོན་ལམ་ཇི་ལྟ་བཞིན། །སེམས་ཅན་ཐམས་ཅད་ཀུན་ལ་ནི། །ཆོས་རྣམས་ཡང་དག་སྟོན་འགྱུར་ལགས། །ཆོས་རྣམས་ཡང་དག་བསྟན་པས་ན། །འཁོར་བ་ལས་ནི་གྲོལ་འགྱུར་ལགས། །ཇི་ལྟར་བགྱིས་ན་སེམས་ཅན་རྣམས། །གཏན་དུ་བདེ་བ་འཐོབ་འགྱུར་ལགས། །སེམས་ཅན་རྣམས་ལ་སྨན་སླད་དུ། །འཇིག་རྟེན་འདྲེན་ལ་བདག་ཞུ་ན། །ཐམས་ཅད་མཁྱེན་ཅིང་གཟིགས་པ་པོའི། །ཐུགས་རྗེས་བདག་ལ་བཀས་བཤད་གསོལ། །ཆོས་ནི་གང་དང་གང་དག་གིས། །བྱང་ཆུབ་སེམས་དཔའ་སྨིན་བགྱིད་པ། །ཆོས་ཀྱི་རྒྱ་མཚོ་ཐམས་ཅད་ཀྱིས། །ཏིང་འཛིན་ཕྱག་རྒྱ་མཛད་དུ་གསོལ། །སངས་རྒྱས་ཆོས་ལ་རབ་མོས་ཤིང་། །བྱང་ཆུབ་ཆེ་ལ་གང་ལྟ་བ། །ཆོས་ཀྱི་སྒྲ་འདི་ཐོས་གྱུར་ན། །ལུས་ཀུན་ཁྱབ་པར་དགའ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་ལ་བཀའ་སྩལ་པ། བློ་གྲོས་མཐའ་ཡས་ཁྱོད་ཀྱིས་སྔོན་སངས་རྒྱས་ཚད་མེད་པ་རྣམས་ལ་མཆོད་ཅིང་རིམ་གྲོ་བྱས་པ་དང་། དགེ་བའི་རྩ་བ་རྣམས་བསྐྱེད་ཅིང་ཡོན་ཏན་གཞལ་དུ་མེད་པ་བསགས་པས་ན་ཆོས་ཟབ་མོ་འདི་ལ་རབ་ཏུ་གདུང་བས་མོས་པར་གྱུར་པ་དང་། བསམ་པ་རྒྱ་ཆེན་པོས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོ་བསྐྱེད་ནས་དེ་བཞིན་གཤེགས་པ་ལ་ཞུ་བ་ཞུས་པ་ལེགས་སོ་ལེགས་སོ།