Degé Kangyur volume 79, F.139.b

མཛུབ་བོ། །​བཅྭ་ལྔ་པ་ན་ནི་བ་དན་ལྕེ་གསུམ་པའོ། །​བཅུ་དྲུག་པ་ན་ནི་རླུང་གི་རས་སོ། །​གཉིས་ཀྱིས་ནི་གླང་པོའི་པགས་པ་འཛིན་པའོ། །​ཞབས་གཡས་པའི་འོག་ཏུ་ནི་མི་དང་། །​མ་ཧེ་དང་། གླང་དང་། །​བོང་བུ་དང་། རྔ་མོ་དང་། ཁྱི་དང་། ལུག་དང་། ཅེ་སྦྱང་ངོ་། །​ཞབས་གཡོན་པའི་འོག་ཏུ་ནི་བྱ་རྒོད་དང་། འུག་པ་དང་། ཁྭ་དང་། ནེ་ཙོ་དང་། ཁྲ་དང་། མན་ཏྲི་དང་། བྱ་རྒོད་ཆེན་པོ་དང་། བྱ་ལོང་ངོ་། །​དེ་ལྟར་གྱུར་པའི་རྡོ་རྗེ་འཇིགས་བྱེད་བསམ་གཏན་ནམ་འདྲིར་གཞུག་པར་བྱའོ། །​དེའི་འོག་ཏུ་དུར་ཁྲོད་ཆེན་པོ་སྲིན་པོ་དང་། ཞིང་སྐྱོང་བ་དང་། རོ་ལངས་དང་ལྡན་པ་དང་། གསལ་ཤིང་གིས་ཕུག་པའི་སྐྱེས་བུ་དང་། བསྲེགས་པའི་སྐྱེས་བུ་དང་། མདུང་གིས་ཕུག་པ་དང་། ཁྭ་དང་། བྱ་དུ་མ་དང་། ཁྱི་དང་ལྡན་པར་ཧ་ཧས་ཀུན་ཏུ་ཁྱབ་པར་བྱེད་པ་དེ་ལྟར་ཆོ་གས་རྣལ་འབྱོར་པས་བསྒོམ་པར་བྱའོ། །​དྲག་ཤུལ་གྱི་ལས་ཐམས་ཅད་རབ་ཏུ་གྲུབ་པར་བྱེད་པ་ཞེས་བྱ་བ་རྡོ་རྗེ་འཇིགས་བྱེད་ཆེན་པོ་འདི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །​དེ་ནས་མཱྃ་ལས་ཡེ་ཤེས་སྐྱེས། །​འོད་ཟེར་ཅན་ནི་སྣང་བྱེད་དོ། །​རྟ་བདུན་དག་གི་ཤིང་རྟར་གནས། །​འབར་བའི་དཀྱིལ་འཁོར་འཇིགས་བྱེད་མ། །​ཞལ་གསུམ་མ་ལ་སྤྱན་གསུམ་མ། །​ཕྱག་དྲུག་མདོག་ནི་སེར་མོ་མཚུངས། །​གཡས་པ་སྔོན་པོར་གྱུར་པ་དང་། །​གཡོན་པ་ཀུན་ད་ཟླ་བ་མཚུངས། །​འོད་ཟེར་དུ་མའི་འོད་གསལ་མ། །​ཕྱོགས་བཅུ་སྲུང་བ་རྩོམ་པ་མོ། །​ཞལ་ནི་རྣམ་པར་འཛུམ་པ་དང་། །​སྒེག་ཅིང་ཤིན་ཏུ་ལང་ཚོ་བབ། །​སྣ་ཚོགས་གོས་ལ་སོགས་པ་དང་། །​རྒྱན་རྣམས་ཀུན་གྱིས་རྒྱན་བྱེད་མ། །​དབུ་རྒྱན་རྫོགས་པའི་སངས་རྒྱས་ལྔ། །​ཐོར་ཚུགས་མེ་ཏོག་དག་གིས་སྤྲས། །​གཡས་པའི་ཕྱག་ན་རྡོ་རྗེ་སྟེ། །​གཉིས་པ་ཁབ་ནི་སྐུད་པ་ཅན། །​གསུམ་པར་མདའ་ནི་གསོར་བ་སྟེ། །​གཡོན་པ་ལ་ནི་སྡིགས་མཛུབ་ཞགས། །​ཨ་ཤོ་ཀ་ཡི་ཡལ་ག་གཉིས། །​གསུམ་པ་ལ་ནི་གཞུ་ཉིད་དེ། །​ཀུན་དུ་འོད་ཟེར་སྣ་ཚོགས་ནི། །​སངས་རྒྱས་སྤྲིན་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9133#UT22084-079-008-9133