Degé Kangyur volume 79, F.139.a

བའི་རྒྱན་གྱིས་བརྒྱན་པ། འཇིགས་པ་ཆེན་པོའི་དུས་ལྟ་བུར་སྒྲོགས་པ་དང་། སྐྱེས་པའི་པགས་པ་དང་། ཚིལ་དང་། ཁྲག་དང་། ཤ་དང་། །​ལྟོ་བའི་ཚིལ་དང་། རྐང་ཟ་བ་དང་། ཚངས་པ་དང་བཅས་པ་དང་། ཉེ་དབང་དང་། དྲག་པོ་ལ་སོགས་པའི་འཇིག་རྟེན་གསུམ་ཟ་བ་དང་། སྒྲ་ཆེར་བཞད་ཅིང་ལྕེ་ནར་བ་དང་། འཇིགས་པ་ཡང་འཇིགས་པར་མཛད་པ་བསམ་པར་བྱའོ། །​དང་པོ་ནི་མ་ཧེའི་གདོང་ངོ་། །​གཡས་པའི་རྭའི་ཞལ་གསུམ་ནི་སྔོན་པོ་དང་། དམར་པོ་དང་། སེར་པོ་སྟེ། །​ཁྲོ་གཉེར་དང་། ཞལ་གཙིགས་པའོ། །​གཡོན་པ་ནི་དཀར་པོ་དང་། དུ་བ་དང་། ནག་པོའོ། །​དེ་དག་གི་དབུས་སུ་ཞལ་ཤིན་ཏུ་དམར་བ་ཁྲག་འཛག་པའོ། །​དེའི་སྟེང་དུ་འཇམ་པའི་གཟུགས་ཤིན་ཏུ་སེར་ཞིང་ཅུང་ཟད་ཁྲོ་བ་དང་། བྱིས་པའི་རྒྱན་དང་། གཙུག་པུད་ལྔའི་མཆོག་དང་གཞོན་ནུ་སྟེ། །​དེ་ལྟར་བརྟན་པར་བྱས་ནས་ཤིན་ཏུ་མཉམ་པར་གཞག་པས་སྔགས་པས་བསྒོམ་པར་བྱའོ། །​དེ་ནས་གཡས་པའི་དང་པོ་ན་ནི་གྲི་གུག་གོ། །​གཉིས་པ་ན་ནི་འབིགས་བྱེད་སྐྱོང་བའོ། །​གསུམ་པ་ན་ནི་གཏུན་ཤིང་ངོ་། །​བཞི་པ་ན་ནི་ཆུ་གྲིའོ། །ལྔ་པ་ན་ནི་ཀ་ཎ་ཡའོ། དྲུག་པ་ན་ནི་སྟ་རེའོ། །​བདུན་པ་ན་ནི་མདུང་ངོ་། །​བརྒྱད་པ་ན་ནི་མདའོ། །​དགུ་པ་ན་ནི་ལྕགས་ཀྱུའོ། །​བཅུ་པ་ན་ནི་དབྱིག་ཏོའོ། །​བཅུ་གཅིག་པ་ན་ནི་ཁ་ཊྭ་གའོ། །​བཅུ་གཉིས་པ་ན་ནི་འཁོར་ལོའོ། །​བཅུ་གསུམ་པ་ན་ནི་རྡོ་རྗེའོ། །​བཅུ་བཞི་པ་ན་ནི་རྡོ་རྗེ་ཐོ་བའོ། །​བཅྭ་ལྔ་པ་ན་ནི་རལ་གྲིའོ། །​བཅུ་དྲུག་པ་ན་ནི་ཅང་ཏེའུའོ། །​ཕྱག་གཡོན་པའི་དང་པོ་ན་ནི་ཐོད་པའོ། །​གཉིས་པ་ན་ནི་མགོ་བོའོ། །​གསུམ་པ་ན་ནི་ཕུབ་བོ། །​བཞི་པ་ན་ནི་རྐང་པའོ། །​ལྔ་པ་ན་ནི་ཞགས་པའོ། །​དྲུག་པ་ན་ནི་གཞུའོ། །​བདུན་པ་ན་ནི་རྒྱུ་མའོ། །​བརྒྱད་པ་ན་ནི་དྲིལ་བུའོ། །​དགུ་པ་ན་ནི་ལག་པའོ། །​བཅུ་པ་ན་ནི་དུར་ཁྲོད་ཀྱི་རས་སོ། །​བཅུ་གཅིག་པ་ན་གསལ་ཤིང་གིས་ཕུག་པའི་སྐྱེས་བུའོ། །​བཅུ་གཉིས་པ་ན་ནི་མེའི་ཐབ་ཁུང་ངོ་། །​བཅུ་གསུམ་པ་ན་ནི་ཐོད་པའོ། །​བཅུ་བཞི་པ་ན་ནི་སྡིགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9132#UT22084-079-008-9132