Degé Kangyur volume 73, F.177.b

སྙེད་ལ་བྱམས་པའི་སེམས་ཀྱིས་ཁྱབ་པར་བྱས་ཏེ་འདུག་ནས། དེའི་མཐུས་སེམས་ཅན་དེ་དག་ལ་སུ་ཡང་གནོད་པ་ཅུང་ཟད་ཀྱང་བྱེད་མི་ནུས་སོ། །​དེ་ནས་ཕྱི་ཞིག་ན་རྒྱལ་པོ་རྣམ་ཐོས་ཀྱི་བུའི་བཙོན་ར་ནས། གཟི་བྱིན་འཕྲོག་པའི་གནོད་སྦྱིན་ལྔ་བྲོས་ཏེ། སྐྱེ་བོ་མང་པོའི་གཟི་བྱིན་འཕྲོག་པར་བྱེད་ཅིང་བཱ་རཱ་ཎ་སཱིར་འོངས་ཏེ་དེར་ཕྱིན་ནས། ཡམས་ཀྱི་ནད་བཏང་བ་ལས་དེ་དག་གིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ཡན་ཆད་སུའི་གཟི་བྱིན་ཡང་དབྲོག་པར་མ་ནུས་ནས། དེ་དག་གིས་བསམས་པ། གང་གིས་ཡུལ་འདིར་བདག་ཅག་གིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ཡན་ཆད་སུའི་གཟི་བྱིན་ཡང་དབྲོག་པར་མ་ནུས་པ་འདི་སུའི་མཐུ་ཡིན་པ་ཇེ་དྲི་བར་བྱའོ་སྙམ་ནས་བ་ལང་རྫི་དང་ཕྱུགས་རྫི་རྣམས་ལ་དྲིས་པ། ཀྱེ་གང་གི་ཡུལ་འདིར་སུ་ལ་ཡང་གནོད་པ་ཅུང་ཟད་ཀྱང་བྱེད་མི་ནུས་པ་འདི་སུའི་མཐུ་ཡིན། དེ་དག་གིས་སྨྲས་པ། རྒྱལ་པོ་འདི་བྱམས་པའི་བདག་ཉིད་ཅན་ཡིན་ཏེ། དེས་ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཇི་སྙེད་ཡོད་པ་དེ་སྙེད་ལ་བྱམས་པའི་སེམས་ཀྱིས་ཁྱབ་པར་བྱས་ཏེ་འདུག་པ་དེའི་མཐུས་ན། ཡུལ་འདིར་སུས་ཀྱང་གནོད་པ་ཅུང་ཟད་ཀྱང་བྱེད་མི་ནུས་སོ། །​གནོད་སྦྱིན་རྣམས་ཀྱིས་བསམས་པ། རྒྱལ་པོ་དེ་ནི་བསོད་ནམས་ཅན་ཆེ་བར་གྲགས་པ། བྱམས་པའི་བདག་ཉིད་ཅན། སྙིང་རྗེ་ཆེ་བ། སེམས་ཅན་ལ་བྱམས་པ་ཞིག་སྟེ། དེས་ནི་བདག་ཅག་འགྲངས་པར་བྱེད་ནུས་གོར་མ་ཆག་སྙམ་ནས། བྲམ་ཟེའི་ཆ་ལུགས་སུ་བསྒྱུར་ཏེ་བྱམས་པའི་སྟོབས་ཀྱི་ཐད་དུ་སོང་ནས་སྨྲས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ། བདག་ཅག་ནི་བཀྲེས་ཀྱིས་འགྲངས་པར་མཛོད་ཅིག །​རྒྱལ་པོས་སྨྲས་པ། ངས་ཁྱེད་ཁ་ཟས་ཇི་ལྟ་བུ་ཞིག་གིས་འགྲངས་པར་བྱ། དེ་དག་གིས་སྨྲས་པ། ཁྲག་འཕྲལ་དུ་ཕྱུང་བས་འགྲངས་པར་མཛོད་ཅིག །​དེ་ནས་རྒྱལ་པོས་བསམས་པ། མ་ལ་ཆ་ལུགས་འདི་འདྲ་བ་ལ་ཁ་ཟས་དེ་འདྲ་བ་ལས་ན། འདི་དག་ནི་མི་ཡིན་པ་མི་འདྲ་སྟེ། འདི་དག་ནི་མི་མ་ཡིན་པ་དག་ཅིག་ཡིན་གོར་མ་ཆག་གིས་འདི་དག་ལ་ཇི་ལྟར་དམ་བཅས་པ་བཞིན་དུ་བྱ་དགོས་སོ། །​གཞན་དག་གི་ལུས་ལ་གནོད་པ་མ་བྱས་ཀྱི་བར་དུ་ནི་ངས་འདི་རྣམས་ཀྱི་ཁ་ཟས་ཀྱི་དོན་བསྒྲུབ་པར་མི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6420#UT22084-073-001-6420