Degé Kangyur volume 73, F.177.a

ཡུལ་དང་། །​དགོན་པ་གླང་ཀླུ་སེང་གེ་དང་། །​དབྱེན་དང་ནགས་ཁུང་ཐོས་པ་རྣམས། །​བྱམས་པའི་སྟོབས་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དབྱིག་དགའི་རྟོགས་པ་བརྗོད་པ་ལས། གཏན་ཚིགས་ཇི་སྐད་འབྱུང་བ་བཞིན་དུ་རྒྱས་པར་སྦྱར་ཏེ། དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་མཛད་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་ངས་འདི་རྣམས་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཇི་ལྟར་བཀོད་པ་དེ་ཉོན་ཅིག །​དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་བྱམས་པའི་སྟོབས་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་གང་བ་དང་རྩོད་པ་དང་འཐབ་པ་ཞི་བ་དང་འཁྲུག་པ་དང་ནང་འཁྲུག་པ་དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང་འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །​རྒྱལ་པོ་དེ་ཡང་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་ཆེ་བ། སེམས་ཅན་ལ་བྱམས་པ། སྦྱིན་པ་ལ་དགའ་བ་ཞིག་སྟེ། དེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་དང་སྡུག་ཅིང་ཕོངས་པ་དང་སློང་བ་རྣམས་ཚིམ་པར་བྱེད་ལ། བཟའ་བ་དང་བཅའ་བ་མང་པོ་བཤམས་ནས། སྲོག་ཆགས་ནམ་མཁའ་ལ་གནས་པ་དང་ཆུ་ན་གནས་པ་དང་སྐམ་ན་གནས་པ་རྣམས་ལ་སྦྱིན་པར་བྱེད་དོ། །​ཡུལ་ན་གནས་པའི་སྐྱེ་བོ་མང་པོ་རྣམས་ལ་བྱམས་པ་སྒོམ་པར་བྱེད་དོ། །​དེས་དེའི་ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཇི་སྙེད་ཡོད་པ་དེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6419#UT22084-073-001-6419