Degé Kangyur volume 73, F.156.a

བཙུན་པ་བྲམ་ཟེ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་དབུལ་པོར་ཡང་གྱུར་ལ་རྒས་ནས་གདོང་རབ་ཏུ་བྱུང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པ་ལ་སྲེད་པ་དང་ངེས་པར་འབྱུང་བ་ལ་སྲེད་པ་ཡིན་ན། འདིས་དུས་ཐམས་ཅད་དུ་ངའི་སྦྱིན་པའི་བར་ཆད་དང་རབ་ཏུ་འབྱུང་བའི་བར་ཆད་བྱས་ཏེ། འདིས་དུས་ཐམས་ཅད་དུ་ངའི་སྦྱིན་པའི་བར་ཆད་དང་རབ་ཏུ་འབྱུང་བའི་བར་ཆད་བྱས་པའི་ལས་དེའི་རྣམ་པར་སྨིན་པས་འདི་དབུལ་པོར་གྱུར་ལ་རྒས་ནས་གདོད་རབ་ཏུ་བྱུང་ངོ་། །​གསོལ་པ། བཙུན་པ་བྲམ་ཟེ་འདིས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས། བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །​མི་མཉེས་པར་བྱེད་པར་མ་གྱུར་ཅིག །​དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །​དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བར་གྱུར་པ་གང་ཡིན་པ་དེ་ནི་བྲམ་ཟེ་འདི་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཀར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག །​མི་མཉེས་པར་བྱེད་པར་མ་གྱུར་ཅིག །



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6377#UT22084-073-001-6377