Degé Kangyur volume 72, F.147.b

།ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་ནས་ཕ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་ཐོག་མ་མེད་པ་ནས་བཟུང་བའི་བར་དུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིས་འཐུན་པ་རྣམས་འཇིག་རྟེན་ཕ་རོལ་ན་སྐྱེ་བ་མི་ལེན་པར་འདི་ན་ཅི་སྤྱོད་པ་བཞིན་འགྲོགས་ཏེ་གནས་སོ་ཞེས་འཇིག་རྟེན་པ་དག་མཆི་ན། དེ་དེ་ལྟར་ལགས་སམ། ཞེས་གསུང་བ་ནི། ཀྱེ་རྒྱལ་པོ་ཆེན་པོ་འདི་ན་ཕ་དང་བུ་ལ་སོགས་པ་གཅིག་ལ་གཅིག་སྣང་བ་ནི་གཟུགས་དངོས་པོ་ཅན་གཅིག་ལ་གཅིག་སྣང་གི། །​སེམས་གཅིག་གིས་གཅིག་མཐོང་བ་ནི་མ་ཡིན་ཏེ། གཟུགས་ཀྱི་ཕུང་པོ་འདིར་ཞིག་སྟེ་མེད་ན། ཕ་རོལ་ན་སེམས་གཅིག་ལ་གཅིག་ཇི་ལྟར་སྣང་སྟེ་འགྲོགས། ཚེ་འཕོས་པའི་ཕ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་ད་ལྟར་ཚེ་མ་འཕོས་པའི་བུ་ཚ་གཟུགས་ཡོད་པས་ཀྱང་མི་མཐོང་ན་ཕ་རོལ་ཏུ་ཚེ་འཕོས་པའི་ལུས་མེད་པས་ཕ་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་གཟུགས་མེད་པ་ཇི་ལྟར་མཐོང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་གཞན་ཡང་འདི་ན་ཕ་དང་། བུ་དང་། སྤུན་མང་པོ་འགྲོགས་པའི་དུས་ན་ཡང་གཟུགས་སོ་སོར་སྣང་བ་ལས་མ་གཏོགས་པ་རང་གི་སེམས་ཀྱང་རང་གིས་མི་མཐོང་ན་སྤད་དང་སྤུན་གྱི་སེམས་གཅིག་གིས་གཅིག་ལྟ་ག་ལ་མཐོང་ན། ཚེ་འཕོས་ནས་ཇི་ལྟར་མཐོང་སྟེ། ཕ་རོལ་ན་སྤད་དང་། སྤུན་དང་། མེས་པོ་དང་། ཡང་མེས་ལ་སོགས་པ་ཇི་ལྟར་སྣང་ནས་འགྲོགས། ཀྱེ་རྒྱལ་པོ་ཆེན་པོ་ཐོག་མ་མེད་པའི་དུས་ན་དེ་བས་སྔ་བ་མེད་པའི་མེས་པོ་དང་། ད་ལྟའི་བུ་ཚ་རྣམས་ཕ་རོལ་ན་འགྲོགས་ན་ད་ལྟ་མིའི་རུས་དང་། རིགས་དང་། ཕྱོགས་དང་། རིས་མི་གཅིག་པ་ཐ་དད་པ་མང་པོ་ཇི་སྙེད་པ་རྣམས་སོ་སོར་དགྲར་གྱུར་པ་རྣམས་དང་། གནས་གང་ན་འདུག་པ་དང་། རུས་རིགས་གཅིག་པ་དང་། སྐད་དང་ཆ་ལུགས་མ་ཐོས་པ་དང་མ་མཐོང་བ་དག་ཀྱང་ཐོག་མ་མེས་པོ་གཅིག་ལས་གྱེས་པ་ཡིན་ན་ད་ལྟར་སྤད་དང་། སྤུན་དང་མེས་པོ་ལ་སོགས་པ་འགྲོགས་མི་འགྲོགས་ཀྱི་མཚམས་སྤུན་དང་སྤད་གང་ལ་གཟུང་། དང་པོ་མེས་པོ་ནས་བཟུང་སྟེ་ད་ལྟར་སྤུན་དང་སྤད་ཀྱི་བར་དུ་བརྒྱུད་པ་རྣམས་ཀྱང་ད་ལྟར་གྱི་སྤད་དང་སྤུན་འདྲ་བར་སོ་སོ་ན་བརྩེ་ཞིང་གདུང་བར་འདྲ་ན་གང་གང་ནི་འགྲོགས།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh308.html?part=UT22084-072-008-222#UT22084-072-008-222