Degé Kangyur volume 72, F.148.a

དང་པོ་མེས་པོ་ནས་བཟུང་སྟེ་ད་ལྟར་སྤུན་དང་སྤད་ཀྱི་བར་དུ་བརྒྱུད་པ་རྣམས་ཀྱང་ད་ལྟར་གྱི་སྤད་དང་སྤུན་འདྲ་བར་སོ་སོ་ན་བརྩེ་ཞིང་གདུང་བར་འདྲ་ན་གང་གང་ནི་འགྲོགས། གང་གང་ནི་མི་འགྲོགས། ད་ལྟར་གྱི་མི་རྣམས་སོ་སོ་ནས་བདག་ཅག་གི་མེས་པོ་འདི་ཡིན་ནོ། །​ཞེས་ཕྱོགས་དང་རིས་བཟུང་སྟེ། བདག་ཅག་འདི་དང་ཕ་གཅིག་གི་བུའོ་ཞེས་ཕྱོགས་དང་རིས་སུ་བཅད་ན་དེ་དག་གིས་མེས་པོ་ཞེས་སོ་སོར་བཟུང་བ་དེ་ཀུན་གྱི་ཡང་ཕ་དང་། མེས་པོ་དང་། ཡང་མེས་དང་། ཞེ་མེས་ནས་དང་པོའི་མེས་པོ་ལ་ཐུག་གི་བར་དུ་བརྒྱུད་པ་ནི་ད་ལྟར་སོ་སོར་ན་བདག་ཅག་གི་མེས་པོ་ཞེས་བཟུང་བ་ཡིན་ན་འཇིག་རྟེན་པ་དག་སྨྲ་བ་ལྟར་འདི་ནས་ཚེ་འཕོས་ནས་སྐྱེ་བ་མི་ལེན་པར་ཕ་རོལ་ན་སྤད་དང་སྤུན་འགྲོགས་ན་ད་ལྟར་རུས་རིགས་དང་། ཕྱོགས་མི་གཅིག་པ་དང་། དགྲར་གྱུར་པ་ཀུན་ཀྱང་ཕྱོགས་གཅིག་ནས་འགྲོགས་དགོས་སོ། །​ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་ཚེ་འདི་གཟུགས་ཅན་དངོས་པོར་སྣང་བ་ཡང་མུན་པ་དང་། ཕག་ན་འདུག་པ་དག་གཅིག་གིས་གཅིག་མི་མཐོང་ན་ཚེ་འཕོས་པའི་སེམས་ཅན་གཟུགས་མེད་པས་གཅིག་གིས་གཅིག་ཇི་ལྟར་མཐོང་ནས་འགྲོགས་པར་འགྱུར། ཀྱེ་རྒྱལ་པོ་ཆེན་པོ་ད་ལྟར་གྱི་སེམས་ཅན་གཟུགས་དང་ལྡན་པས་ཀྱང་མི་མཐོང་བའི་གནས་ཡུལ་མི་གཅིག་པ་དང་། གནས་ཐ་དད་པ་དག་ལ་རང་གི་གཟུགས་སྣང་བར་སྟོན་མི་ནུས་ན་ཚེ་འཕོས་ནས་ཇི་ལྟར་གཟུགས་སྣང་བར་སྟོན་ནུས། ཀྱེ་རྒྱལ་པོ་ཆེན་པོ་འཇིག་རྟེན་པ་ཁ་ཅིག་གིས་གྲགས་པ་དང་རྙེད་པ་དག་བཙལ་བའི་ཕྱིར་བཟླས་པའི་གཏམ་གྱིས་གཞན་སླུ་བར་བྱེད་པ་ལ་གསན་པར་མི་རིགས་སོ། །​ཀྱེ་རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོས་འདི་ན་ཕྱུག་དྲེགས་རྒྱགས་པ་རྣམས་ཕ་རོལ་དུ་ཡང་ཕྱུག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་དབུལ་རྒུད་ཉམ་ཆུང་བ་རྣམས་ཕ་རོལ་དུ་ཡང་དབུལ་རྒུད་ཉམ་ཆུང་བར་འགྱུར་རམ། འོན་ཏེ་དེ་གཉིས་མི་འདྲ་བར་ཕན་ཚུན་སྣོལ་བར་འགྱུར་ཞེས་གསུངས་པ་གང་ཡིན་པ་དེ་ནི། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་རྣམས་ཚེ་མ་འཕོས་པའི་སྐྱེ་བ་འདི་ལ་ཡང་ལ་ལ་སྐྱེས་མ་ཐག་ཏུ་ཕྱུག་དྲེགས་རྒྱགས་པར་གྱུར་པ་ལས་ལོ་ལྔ་བཅུ་དང་དྲུག་ཅུ་ནས་འཁོགས་པའི་བར་དུ་དབུལ་རྒུད་ཉམ་ཆུང་བ་ཡང་ཡོད།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh308.html?part=UT22084-072-008-223#UT22084-072-008-223