Degé Kangyur volume 71, F.53.b

བསམ་གཏན་གྱིས་ཀུན་དགའ་ར་བ་ན་རྒྱུ་བར་མི་འགྱུར་རོ། །​དམ་པ་དང་ཀུན་ཏུ་འདྲེ་བར་འགྲོ་བ་མ་ཡིན་ནོ། །​དེ་ལ་ཆོས་འདུལ་བ་རྣམས་ལེགས་པར་འདོད་པར་མི་བྱེད་དེ། ཇི་ལྟར་གཞན་གྱི་ས་བོན་བཞིན་དང་། ཇི་ལྟར་བྱེ་མ་རྣམས་ལས་འབྲུ་མར་མི་འབྱུང་བ་བཞིན་དུ། དེ་ལྟར་སྐྱེས་བུ་ཁྲོན་མའི་རང་བཞིན་ཅན་སེམས་རྩུབ་པ་དེ་ལ་ཆོས་རྣམས་དེ་ལྟར་མི་འབྱུང་ངོ་། །​ཇི་ལྟར་བ་ལང་གི་རྭ་ལས་འོ་མ་དང་ཟླ་བ་དྲོ་བ་དང་མོ་གཤམ་ལ་བུ་དང་ནམ་མཁའ་ལ་མེ་ཏོག་ཡོད་པ་མ་ཡིན་ནོ། །​དེ་བཞིན་དུ་ཁྲོན་མའི་རང་བཞིན་ཅན་དང་། ཁྲོ་བའི་ལས་ཅན་མཆོག་ཏུ་གཡོ་དང་ལྡན་པ་དང་གཡོ་ཅན་གྱི་རིགས་སུ་གྱུར་པ། བློ་གྲོས་དམན་པ། བདག་ཉིད་ངལ་བར་བྱེད་པ། གཞན་དག་སླུ་བར་བྱེད་པ་སྲིད་པའི་འདམ་དུ་བྱིང་བ་མི་དགེ་བ་རྣམས་སྟེན་པར་བྱེད་པ། དཀོན་མཆོག་གསུམ་སྤངས་པར་གྱུར་པ། ཐེག་པ་ཆེན་པོ་ལས་ཁ་ཕྱིར་ཕྱོགས་པ། དམུས་ལོང་དུ་གྱུར་པ་དམ་པའི་ཆོས་ཀྱི་ཉི་མ་མིག་གིས་མ་མཐོང་བ། མཆོག་ཏུ་མྱ་ངན་བྱེད་པར་གྱུར་པའི་སྐྱེ་བ་དང་རྒ་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བའི་དགོན་པར་འཁྱམས་པ། མཐའ་ཡས་པའི་སྡུག་བསྔལ་རྣམས་འཇོམས་པར་བྱེད་པའི་བདུད་རྩི་སྤངས་པའི་སྐྱེས་བུ་ངན་པ་སྡུག་བསྔལ་གྱི་ཆུ་བོར་བྱིང་བར་གྱུར་པ་ལ་ནི། མྱ་ངན་ལས་འདས་པ་ཉིད་ཡོད་པར་མི་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འདིས་མྱ་ངན་ལས་འདས་པ་རྟོགས་པར་འགྱུར་བ་ལེགས་པར་འཐོབ་པར་བྱེད་པའི་ལམ་གྱི་རྒྱུ་ལ་ཡང་མི་འཇུག་པའི་ཕྱིར་རོ། །​དེའི་ཕྱིར་འདི་བདེ་བའི་སྐལ་བ་ཅན་དུ་མི་འགྱུར་རོ། །​གང་ཡང་འདུལ་བ་དང་ལྡན་པར་གྱུར་པ་འཇམ་པོའི་ཡིད་ཅན་དེ་དག་རྣམས་ཐམས་ཅད་ནི་མྱ་ངན་ལས་འདས་པ་འཐོབ་པའི་སྐལ་བ་ཅན་དུ་གྱུར་པ་རྣམས་ནི་དེ་དག་ཡིན་ནོ། །​དཔེར་ན་ཏིལ་ལས་ནི་ཏིལ་མར་རོ། །​ཉི་མ་ལས་ནི་འོད་ཟེར་རོ། །​ཟླ་བ་ལས་ནི་བསིལ་བའོ། །​མེ་ལས་ནི་དྲོ་བའོ། །​ས་གཞི་ནི་བརྟན་པ་ཡིན་ནོ། །​རྒྱ་མཚོ་ལས་ནི་ཧ་ཅང་མི་གཡོ་བའི་ཆུའོ། །​བཏུང་ཆུ་ནི་བསིལ་བའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-101841#UT22084-068-021-101841